旅游资讯 专题 人文地理 图说香格里拉 摄影俱乐部 景点景区 民风民俗 特色美食 旅游贴士
དབུ་ཤོག > སྤྱི་ཚོགས་རིག་གནས། > ནང་དོན་དངོས་གཞི།
བྱམས་པ་ཆོས་འཕེལ་གྱི་གཏམ་རྒྱུད།
དུས་ཚོད།:2018-08-24 16:46:43   རྩོམ་ཁུངས།:

ལོ་27ཡིན་པའི་བྱམས་པ་ཆོས་འཕེལ་ནི་ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་གྱི་ཞིང་བ་སྤྱིར་བཏང་བ་ཞིག་གི་ཁྱིམ་ནས་སྐྱེས་ལ། 2008ལོར་ཁོས་དམག་མི་ཞིག་བྱེད་པའི་ཕུགས་བསམ་འཁྱེར་ནས་གཟི་བརྗིད་ཀྱིས་དམག་ལ་ཞུགས་ཤིང་། ཡུན་ནན་དམག་ཁུལ་གྱི་དམག་སྡེ་77335ནས་དམག་སྐུལ་དང་ལེན་བྱས་པ་རེད། དམག་ལ་ཞུགས་པའི་སྐབས་སུ་ཁོའི་སྦྱང་འབྲས་སོ་སོ་དམིགས་སུ་ཐོན་པས་བསྟུད་མར་ལོ་གཉིས་ལ་ཕུལ་བྱུང་དམག་མིའི་བྱ་དགའ་ཐོབ་ཅིང་། དེ་རྗེས་དམག་སྡེ་ཡིས་ཁོ་ཁྲིང་ཏུའུ་དམག་ཁུལ་གྱི་ཁ་ལོ་བ་སྦྱོང་བརྡར་གྱི་རུ་ཆེན་གཉིས་པར་ཟླ་7གྱི་རིང་ལ་ཁ་ལོ་བའི་ལག་རྩལ་སྦྱང་བར་མངགས་པ་རེད། ཁ་ལོ་བའི་ལག་རྩལ་སྦྱང་བའི་སྐབས་སུ་ཡང་རང་གི་གླུ་ལེན་གྱི་དགའ་ཕྱོགས་དེ་མ་བསྐྱུར་བར་དམག་ཁུལ་གྱི་མེས་རྒྱལ་ལ་དགའ་བའི་གླུ་དབྱངས་ལེན་ཞེས་པའི་འགྲན་བསྡུར་ལ་ཞུགས་ཤིང་བྱ་དགའ་ཨང་གཉིས་པ་ཐོབ་པ་རེད།

      2010ལོར་བྱམས་པ་ཆོས་འཕེལ་གཟི་བརྗིད་ཀྱིས་དམག་མཐར་ཕྱིན་ཞིང་ཕྱིར་རང་ཡུལ་དུ་ལོག་ལ།  རོལ་མོ་དང་ཁྱད་པར་དུ་བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས་ལ་དུང་བ་ཆེན་པོ་ཡོད་པའི་དབང་གིས་སྒོར་སྟོང་བཞི་འཁྱེར་ཞིང་།   སེམས་ཐག་བཅད་དེ་རང་ཡུལ་དང་བྲལ་ནས་ཁྲེང་ཏུའུ་གྲོང་ཁྱེར་ལ་སོང་བ་རེད།

         ཁྲེང་ཏུའུ་ལ་ཐོན་པ་ན་རྒྱུས་མེད་གྲོགས་མེད་ཀྱི་གྲོང་ཁྱེར་འདི་ནས་ཁོས་དམག་ནང་ནས་ཐོབ་པའི་སློབ་གསོ་“མི་ཞིག་གིས་རང་མགོ་ཐུབ་ན་གཟོ་གཟོད་རང་སྟོབས་རྒྱས་ཐུབ་”ཅེས་པའི་སྐད་ཆེ་དེ་དྲན་ཞིང་།ཁྲེང་ཏུའུ་ན་ཡོད་པའི་བར་སྐབས་སུ་ཁོས་མགྲོན་ཁང་གི་བདེ་སྲུང་བ་དང་ཆང་ཁང་གི་ཞབས་ཞུ་བ།ཆང་ཁང་གི་གླུ་བ་སོགས་ཀྱི་ལས་ཀ་བསྒྲུབ་པ་རེད། ལས་ཀ་བྱེད་པའི་སྐབས་སུ་ཆང་ཁང་གི་སྒྱུ་རྩལ་བ་རྣམས་ལ་སློབ་སྦྱོང་བྱས་ཤིང་།  འཁྲབ་སྟོན་གྱི་ཉམས་མྱོང་བསྡུ་ལེན་བྱས་ཏེ་མཐར་ཁྲེང་ཏུའུ་ཡི་མི་རིགས་རིག་གནས་གླུ་གར་ཁང་ཞིག་གི་གླུ་བ་གཙོ་བོར་གྱུར།  ལོ་དེ་དག་གི་རིང་ལ་ཁོར་རོལ་མོའི་ཤེས་བྱ་དང་གར་སྟེགས་ཀྱི་ཉམས་མྱོང་མང་བོ་ཞིག་རྒྱུད་ལ་འབྱོར་མོད།  འོན་ཀྱང་དེ་འདྲ་ཞིག་གིས་ཁོའི་ཡིད་མ་ཚིམས་ཤིང་།  ཅི་ལྟར་བོད་རང་གི་སྲོལ་རྒྱུན་གྱི་རིག་གནས་དང་རོལ་མོ་གཉིས་ཟུང་འབྲེལ་བྱེད་པའི་ཕྱོགས་ལ་བསམ་བློ་བཏང་བ་རེད། 2012ལོར་ཁོས་ལོ་འདི་དག་གི་རིང་ལ་རང་ཉིད་ཀྱིས་བསགས་པའི་སྒོར་མོ་ཡོད་ཚད་བཏང་ནས་སི་ཁྲོན་རོལ་མོ་སློབ་གླིང་གི་ཕྱི་སྡོད་སློབ་མ་བྱས་ཏེ་རོལ་མོར་མ་ལག་དང་འཐུས་ཚང་གིས་སློབ་སྦྱོང་བྱས་པ་རེད།    

         2013ལོར་བྱམས་པ་ཆོས་འཕེལ་ཕྱིར་རང་ཡུལ་སེམས་ཀྱི་ཉི་ཟླར་ལོག་ཅིང་། རང་ཉིད་ཀྱི་རོལ་མོའི་ཕུགས་བསམ་དང་རིག་གནས་ཀྱི་ཕུགས་བསམ། ལས་གཏོད་ཀྱི་ཕུགས་བསམ་བཅས་ལ་སྙེག་པའི་འགོ་བརྩམ་པ་རེད། དང་ཐོག་ཁོས་བོད་པའི་སྤྲོ་སྐྱིད་ཁང་ཞིག་ནས་མདོ་འཛིན་པ་བྱས་ལ། ཁོས་མདོ་འཛིན་པའི་ལས་ཀ་འདིར་རང་ཉིད་ཧ་ཅང་དགའ་མོས་ཡོད། དམག་མི་ཞིག་གི་ཕུལ་བྱུང་གཤིས་རྒྱུད་ནི་ལས་རིགས་གཅིག་འདེམས་ནས་དེ་གཅིག་པུ་བསྒྲུབ་པ་དང་དེ་གཅིག་པུར་འབད་པ་བྱེད་རྒྱུ་དེ་ཡིན། རང་ཉིད་མདོ་འཛིན་པ་ཞིག་ཡིན་པའི་ཆ་ནས་ཉིན་རྒྱུན་རང་ཉིད་དགའ་སའི་གླུ་བླངས་ཏེ། ཕྱོགས་སོ་སོ་ནས་ཡོང་བའི་མགྲོན་པོ་རྣམས་ལ་བདེ་ཆེན་གྱི་མི་རིགས་སྲོལ་རྒྱུན་དང་རིག་གནས་དྲིལ་བསྒྲགས་བྱས་ལ། ཁོ་ཚོས་ང་ཚོའི་བོད་ཁུལ་གྱི་རིག་གནས་ལ་སྔར་ལས་རྒྱུས་ལོན་ཐུབ་པ་དང་། བོད་ཁུལ་གྱི་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་དགོས་ཞེས་བཤད། བྱམས་པ་ཆོས་འཕེལ་གྱིས་རང་ཉིད་ཀྱི་ལས་ཀ་ཡག་པོ་བསྒྲུབ་པའི་ཞོར་ལ་རོལ་མོ་བརྒྱུད་ནས་མི་རིགས་ཀྱི་རིག་གནས་འཕེལ་རྒྱས་གཏོང་དགོས་པའི་ཕྱོགས་ལ་ཡང་ཞིབ་འཇུག་དང་འབད་པ་ཆེན་པོ་བྱེད་བཞིན་ཡོད་ལ། གླུ་ལེན་འགྲན་བསྡུར་མང་བོར་ཞུགས་ཤིང་བྱ་དགའ་མང་བོ་ཐོབ་པ་རེད། ལོ་འདི་དག་གི་རིང་ལ་ཁོར་ཀྲུང་དབྱང་བརྙན་འཕྲིན་ཁང་གི་ལེ་ཚན་“གསེར་ལས་དཀོན་པའི་སྐར་ཆ་བརྒྱ་”ཞེས་པའི་ལེ་ཚན་ལས་སི་ཁྲོན་འགྲན་ཁུལ་གྱི་བྱ་དགའ་ཨང་གཉིས་པ་ཐོབ། དེ་མིན་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱ་གྲམ་དམར་པོའི་ལྷག་བསམ་ལྡན་པའི་གླུ་བ་དང་ཡུལ་མི་རྣམས་ཀྱིས་གསེར་བྱང་ཅན་གྱི་མདོ་འཛིན་པ་དང་ཕུལ་བྱུང་གླུ་བའི་མཚན་བསྩལ་བ་རེད།

         2018ལོར་བྱམས་པ་ཆོས་འཕེལ་ལས་ཀ་བསྒྲུབ་པར་འབུར་ཐོན་ཡིན་པའི་རྐྱེན་གྱིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཡ་ལ་སོ་རྟ་རྩལ་སྤྲོ་སྐྱིད་ཁང་གི་སྤྱིའི་སྤྱི་གཉེར་བར་བསྐོས་ཤིང་། ལས་འགན་བཞེས་པའི་སྐབས་སུ་ཁོ་རྟ་རྩལ་རུ་ཁག་དང་མཉམ་དུ་2018ལོའི་ཏ་ལི་རྟ་རྒྱུག་འགྲན་བསྡུར་ལ་ཞུགས་ལ། ལོ་བརྒྱད་ལ་དམག་ལ་ཞུགས་པའི་ཉམས་མྱོང་གིས་རྨིད་སྟོང་གསུམ་ཅན་གྱི་མྱུར་ཚད་འགྲན་བསྡུར་དང་རྟ་རྒྱུག་མདའ་འཕེན་གྱི་འགྲན་བསྡུར་ལས་གཞིར་ཞུགས་ནས་རྟ་རྒྱུག་མདའ་འཕེན་གྱི་འགྲན་བསྡུར་ལས་ཨང་བཞི་བའི་བྱ་དགའ་ཐོབ་པ་རེད། 2018ལོའི་སེམས་ཀྱི་ཉི་ཟླའི་རྟ་རྒྱུག་འགྲན་བསྡུར་ཁྲོད་ཁོར་རྨིད་སྟོང་ལྔ་ཅན་གྱི་མྱུར་ཚད་འགྲན་བསྡུར་ཁྲོད་བྱ་དགའ་ཨང་བདུན་པ་དང་རྟ་རྒྱུག་མདའ་འཕེན་གྱི་འགྲན་བསྡུར་ཁྲོད་ཨང་ལྔ་བའི་བྱ་དགའ་བཟང་བོ་བཅས་ཐོབ་པ་རེད།

         བཅར་འདྲི་མཇུག་རྫོགས་ལ་ཉེ་བའི་སྐབས་སུ་བྱམས་ཆོས་འཕེལ་གྱིས་རྗེས་ཕྱོགས་རང་ཉིད་ལས་གནས་ཇི་འདྲ་ཞིག་ལ་ཞུགས་ཡང་དམག་ནང་གི་སྙིང་སྟོབས་དར་སྤེལ་གཏོང་རྒྱུ་ཡིན་ལ། སེམས་ཀྱི་ཉི་ཟླའི་མི་རིགས་རིག་གནས་ཀྱི་དྲིལ་བསྒྲགས་ལ་ནམ་ཡང་འབད་པ་བྱེད་ངེས་ཡིན་ཞེས་བཤད།

རྩོམ་སྒྲིག་པ།:卓玛央初
གཙོ་སྒྲུབ། ཀྲུང་གུང་སེམས་ཀྱི་ཉི་ཟླ་རྫོང་ཨུ། སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྲིད་གཞུང་།
འགན་སྒྲུབ། སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཆ་འཕྲིན་ལག་རྩལ་དོ་དམ་ལྟེ་གནས། སེམས་ཀྱི་ཉི་ཟླ་གློག་རྡུལ་སྲིད་དོན་དོ་དམ་ལྟེ་གནས། 0887-8222726
གྲ་སྒྲིག་ཡིག་ཆའི་ཨང་རྟགས། ཡུན་ནནICP ཨང་རྟགས། 13000589
ལག་རྩལ་རྒྱབ་སྐྱོར། ཡུན་ནན་དྲ་བ།