旅游资讯 专题 人文地理 图说香格里拉 摄影俱乐部 景点景区 民风民俗 特色美食 旅游贴士
དབུ་ཤོག > སྤྱི་ཚོགས་རིག་གནས། > ནང་དོན་དངོས་གཞི།
རྒྱལ་ཐང་གི་ཁ་བ།
དུས་ཚོད།:2018-04-04 11:28:36   རྩོམ་ཁུངས།:

 ཕྱི་དྲོ་དེར།སྤྲིན་ནག་དུམ་བུ་ཁ་ཤས་ཤྭ་ཁ་རི་བོའི་གཡོན་ཕྱོགས་སུ་འདུས་ཤིང་།ཅི་ཞིག་ལ་གྲོས་མཐུན་བྱུང་བ་བཞིན་གློ་བུར་དུ་འཚབ་འཚུབ་ངང་རང་རང་གི་ཕྱོགས་སུ་རྒྱུག་ཏེ་གཡའ་དག་པའི་རྒྱལ་ཐང་གི་ནམ་མཁའ་དེ་རིམ་གྱིས་ཁྱུར་མིད་བཏང་།ཅུང་མ་འགོར་བར་དགོན་པའི་མཁའ་དབྱིངས་ན་མཚོ་མོ་བཞིན་མཁྱིལ་ཞིང་སྒེའུ་ཁུང་བཞིན་ཕྱེ་བའི་སྔོ་བསང་གི་ནམ་མཁའ་དེ་ཡང་སྤྲིན་ནག་གིས་ཡོངས་སུ་སྒྲིབ་སོང་།

ནམ་མཁའ་སྤྲིན་ནག་གིས་བཟུང་བས་ཕྱི་དྲོ་དེ་སྔར་ལས་མུན་ནག་ཏུ་གྱུར་ཞིང་རླུང་འཚུབ་ཀྱི་རྒྱུ་བ་ཡང་སྔར་ལས་ཇེ་དྲག་ཏུ་སོང་།ཡུད་ཙམ་གྱི་སྔོན་ལ་འོ་མ་མཚོའི་མཚོ་ངོགས་སུ་ལྷོད་ཀྱིས་རྩྭ་ཆུ་ལ་རོལ་བཞིན་པའི་མཛོ་དང་མཛོ་མོ་དེ་དག་ལ་དྲག་རླུང་གིས་སྔོན་བརྡ་ཞིག་བཏང་བ་ཇི་བཞིན་ངུར་ཞོར་དུ་ལྷས་རའི་ཕྱོགས་སུ་བསྐྱོད་ཅིང་།ཁྱུང་རིའི་མགོ་ན་ཁ་བ་དང་འདྲེས་ཡོད་པའི་ལུག་ཁྱུ་དེས་ཀྱང་མ་འབོད་བུ་འབོད་ཀྱི་འབའ་སྒྲ་སྒྲོག་བཞིན་སྡེ་བའི་ཕྱོགས་སུ་ཞོགས་སོང་།  དེ་མིན་ད་རུང་ནགས་ཕག་མཚོ་ན་དགུན་གྱི་དུས་ཚིགས་རོལ་བཞིན་པའི་ཁྲུང་ཁྲུང་སྐེ་ནག་སོགས་བྱ་ཁྱུའི་ཚོགས་ཀྱང་ཁ་བ་འབབ་པར་དངངས་ཏེ་གཅིག་རྗེས་གཉིས་མཐུད་ཀྱིས་སྐད་ངག་སྒྲོག་པས།དྲག་རླུང་རྒོད་པའི་རི་ལུང་འདིར་སྔར་ལས་ཟང་ཟིང་ཞིག་ཏུ་གྱུར།

       དྲག་རླུང་དེ་ཡུད་ཙམ་འཇགས་ཤིང་ཐོལ་གྱིས་རྒྱུ་བཞིན་པའི་རྫ་ཁའི་སྤྲིན་པ་དེ་ཡང་རེ་ཞིག་ལྷོད་ལ་བབས་པས།རྒྱལ་ཐང་གི་ཁོར་ར་ཁོར་ཡུག་ཀུན་སྔར་ལས་ལྷིང་འཇགས་སུ་གྱུར་ཅིང་ནམ་ཟླ་ཡང་ཇེ་དྲོར་ཕྱིན།དེ་ལྟ་ནའང་།ཡོད་ཚད་འདིར་ལྟར་ལྷོད་གཡེང་དུ་གནས་པའི་སྐབས་འདིར།གློ་བུར་ཏུ་ཁ་བའི་འདབ་མ་ཐར་ཐོར་ཞིག་ངའི་མིག་ཟུང་དང་རྫོང་སྟུག་པའི་རྫི་མའི་གསེབ་ཏུ་ལྷུང་བས།ངས་རང་དབང་མེད་པར་མགོ་བོ་ཡར་དགྱེས་ཤིང་དཀར་ནག་འདྲེས་མའི་སྤྲིན་པས་ཁེབས་ཡོད་པའི་མཁའ་དབྱིངས་ན།ཁ་བའི་འདབ་མ་ལྷབ་ལྷུབ་ཀྱིས་རྒྱལ་ཐང་གི་རི་རྩེར་ལྷུང་ཡོང་བ་མཐོང་།དེ་དག་ནི་མེ་ཏོག་གི་འདབ་མ་ཅན་དང་མུ་ཏིག་གི་ཁ་མདོག་ཅན།སྲང་བལ་གྱི་འདབ་མ་ཅན་དང་སྤྲིན་དཀར་གྱི་ཁ་མདོག་ཅན།བལ་དཀར་གྱི་འདབ་མ་ཅན་དང་དུང་གི་ཁ་མདོག་ཅན་སོགས་བགྲང་ལས་འདས་པ་ཞིག་ཏུ་འདུག  འདི་ཡང་རྒྱལ་ཐང་གི་ཁ་བའི་ཁྱད་ཆོས་ཡིན་ལ། ལྷག་པར་དུ་མཐོ་སྒང་གི་ཁ་བའི་ཁྱད་ཆོས་ཤིག་ཡིན་པར་སྙམ།

       ངས་འདི་ལྟར་ཁ་བའི་འདབ་མ་དང་རྒྱལ་ཐང་གི་མཛེས་ལྗོངས་ལ་ལྟ་ཞོར་ཤེས་མེད་ཚོར་མེད་ཀྱིས་འོ་མ་མཚོར་ཐོན་ཞིང་། ཁ་བའི་ཁྲོད་ན་མཚོ་བྱ་ཁྱུ་དང་ཁྱུ་བྱས་ནས་ལྷོད་ཀྱིས་རྒྱུ་བཞིན་ཡོད་ལ།  དེ་ཡང་ཆེ་ཆུང་མི་གཅིག་པའི་མཚོ་བྱ་གསུམ་བཞི་རེ་ཡང་ཕྱོགས་གཅིག་ཏུ་འདུས་ནས་ཕན་ཚུན་ལྟ་བཞིན་སྐད་སྒྲ་དམའ་མོས་ཀྱ་ཀྱུར་བྱེད་བཞིན་ཡོད་ལ།དེ་ནི་བཟའ་མི་ཚོས་ཉིན་གཅིག་གི་བྱ་བ་ཙག་ཙིག་དང་དེ་རིང་གི་ཁ་བའི་མཛེས་ལྗོངས་ལབ་ཀྱིན་པ་དང་གཉིས་སུ་མེད།དེ་མིན་ད་རུང་ལས་ལ་བརྩོན་པའི་མཚོ་བྱ་འགའ་རེ་གྲང་ངར་ལ་མ་འཛེམ་པར་གཟན་ཆས་འཚོལ་བཞིན་ཡོད་ལ།ཁོ་ཚོར་ཐེ་ཚོམ་ཅི་ཡང་མེད་པར་ཡང་དང་ཡང་དུ་མཚོ་གཏིང་ལ་མཛུལ་ནས་ཉ་མོ་འཛིན་བཞིན་མཆིས།ཁ་བ་ཇེ་ཆེ་ནས་ཇེ་ཆེ་ཡིན་ལ།  དུས་རྒྱུན་རླུང་བུའི་རམ་འདེགས་འོག་ན་མགོ་བོ་ལྡེམ་ལྡེམ་དུ་གཡོ་བའི་རྒྱ་ལྕང་གི་སྡོང་བོ་དེ་དག་ཀྱང་ཁ་བའི་ལྗིད་ཀྱིས་མགོ་བོ་བཏུད་དེ་ནམ་རྒྱུན་དང་བསྡུར་ན་སྔར་ལས་གཤིས་འཇམ་ཞིག་དང་བག་ཡངས་ཤིག་ཏུ་མཐོང་ལ།མཚོ་མོའི་མཐའ་འཁོར་ན་ཆགས་ཡོད་པའི་སྡེ་བ་འདི་དག་ཀྱང་སྔར་ལས་ལྷིང་འཇགས་ཤིག་ཏུ་སྣང་།ང་ཀྱག་ཀྱོག་གི་སྲང་ལམ་བརྒྱུད་ནས་སྡེ་བའི་ནང་དུ་སོང་བ་ན།གྲགས་འགུལ་ཅི་ཡང་མེད་པའི་སྡེ་བའི་ནང་འགྲོ་བའི་སྐབས་ལྷ་གཡག་རྟགས་མའི་འཇུར་རྟ་མགོ་ཆེ་གོན་ཡོད་པས་ངའི་གོམ་སྒྲ་ཡང་དུས་རྒྱུན་ལས་ཆེ་བའི་སྣང་བ་ཞིག་སྐྱེས་ཤིང་།ཚོར་བ་སྐྱེན་པའི་སྒོ་ཁྱི་འགའ་རེས་ཀྱང་ངའི་ལྗིད་ཏིག་ཏིག་གི་གོམ་སྒྲ་ཐོས་པས་སྐབས་སྐབས་སུ་ཟུག་སྐད་འགའ་རེ་འབྱིན་གྱིན་འདུག  ད་དུང་ཁྱིམ་ཚང་ལ་ལའི་སྒོ་ཁ་ན་རི་ནས་ཐོན་མ་ཐག་པའི་མཛོ་མོ་འགའ་རེས་བཟའ་མི་ཞིག་གིས་ཕྱི་སྒོ་འབྱེད་པར་སྒུག་ནས་ཡོད་མོད།འོན་ཀྱང་ཁྱིམ་ནང་ན་གྲགས་འགུལ་ཅི་ཡང་མེད་པས་བཟའ་མི་མང་བོ་ཞིག་ཕྱིར་ལས་ཀར་སོང་ནས་ད་རུང་ཁྱིམ་ལ་ཡོང་མེད་པ་འདྲ།

       འདི་ལྟར་ང་སྡེ་བའི་ལྟག་རྒྱབ་ཀྱི་རི་མགོར་འཛེག་ནས་རྒྱལ་ཐང་གི་རི་ལུང་ཀུན་ལ་ཐེངས་གཅིག་བལྟས་པ་ན།ཁ་བ་ལྷབ་ལྷུབ་ཀྱི་ཁྲོད་ན་ཤིང་གི་རྒྱ་ཕིབས་བསྐྱོན་ཞིང་ཕྱོགས་བཞི་སྒེའུ་ཁུང་གིས་བསྐོར་བའི་བོད་ཁང་གི་ཁྱད་ཆོས་འབུར་དུ་ཐོན་པའི་ཁང་བ་རེ་རེར་དྲོད་ཁོལ་གྱིས་ཁེངས་ཡོད་པའི་སྣང་བ་ཞིག་ཀུན་ནས་སྐྱེས་ཡོང་ལ།ད་དུང་རྒྱང་ཐག་ཅུང་རིང་བའི་རི་མགོ་ན་པོ་ཏ་ལ་ཆུང་བའི་མཚན་སྙན་ཡོད་པའི་ཁམས་ཕྱོགས་ཀྱི་དགེ་ལུགས་པའི་དགོན་སྡེ་ཆེ་གྲས་དགའ་ལྡན་སུམ་རྩེན་གླིང་དེ་ཡང་དུང་མདོག་གི་ཁ་བའི་ཁྲོད་ན་སྔར་ལས་གསེར་འོད་ལམ་ལམ་བྱེད་པ་དང་།ལྷོད་ཀྱིས་རྒྱུ་བཞིན་པའི་སྨུག་པ་ལང་ལོང་གི་ཁྲོད་ན་ལྷ་ཡུལ་ལྟ་བུའི་མཛེས་རིས་ཤིག་ཀུན་ནས་གྲུབ་ཡོད་པར་མཐོང་།འདི་དག་ཡང་རྒྱལ་ཐང་ལ་མི་ཡུལ་གྱི་ཤམ་བྷ་ལ་ཞེས་པའི་མཚན་སྙན་ཐོབ་པའི་ཆ་ཤས་གཙོ་བོ་ཡིན་པར་སྙམ

       ཁ་བ་མུ་མཐུད་དུ་འབབ་བཞིན་ཡོད་ལ།ངས་ཀྱང་རི་མགོ་ནས་དུ་བ་རྐང་གཅིག་མེ་ལ་སྒྲོན་ནས་མུ་མཐུད་དུ་རྒྱལ་ཐང་གི་ཁ་བར་བལྟས་པ་ཡིན།  སྐད་ཅིག་དེར་རང་ཉིད་ཀྱང་རི་ལུང་འདིའི་མཛེས་ལྗོངས་ཀྱི་ཆ་ཤས་གཅིག་ཡིན་པའི་འཕྲུལ་སྣང་སྐྱེས་སོང་།འདིར་ལྟར་ལྗོངས་རྒྱུ་ལ་སོང་བའི་མཐོང་ཐོས་ལ་ཕྱིར་དྲན་བྱེད་བཞིན་སང་ཉིན་གྱི་རྒྱལ་ཐང་ནི་དངུལ་དཀར་གྱི་འཇིག་རྟེན་ཞིག་ཡིན་པར་རེ་བས་ཁེངས་བཞིན་འབོག་ཁྲིའི་སྟེང་ནས་གཉིད་ལ་ཤོར་སོང་། 

རྩོམ་སྒྲིག་པ།:卓玛央初
གཙོ་སྒྲུབ། ཀྲུང་གུང་སེམས་ཀྱི་ཉི་ཟླ་རྫོང་ཨུ། སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྲིད་གཞུང་།
འགན་སྒྲུབ། སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཆ་འཕྲིན་ལག་རྩལ་དོ་དམ་ལྟེ་གནས། སེམས་ཀྱི་ཉི་ཟླ་གློག་རྡུལ་སྲིད་དོན་དོ་དམ་ལྟེ་གནས། 0887-8222726
གྲ་སྒྲིག་ཡིག་ཆའི་ཨང་རྟགས། ཡུན་ནནICP ཨང་རྟགས། 13000589
ལག་རྩལ་རྒྱབ་སྐྱོར། ཡུན་ནན་དྲ་བ།