旅游资讯 专题 人文地理 图说香格里拉 摄影俱乐部 景点景区 民风民俗 特色美食 旅游贴士
དབུ་ཤོག > ཡུལ་སྲོལ་གོམས་གཤིས། > ནང་དོན་དངོས་གཞི།
དབུས་གཙང་ས་ཁུལ་གྱི་མནའ་མ་སློང་བའི་ལུགས་སྲོལ།
དུས་ཚོད།:2018-12-23 14:25:19   རྩོམ་ཁུངས།:

       དེ་སྔའི་སྐུ་དྲག་གི་ཁྱིམ་ཚང་ལྟ་བུ་ཡིན་ན། བུ་ཡིན་པ་གང་ཞིག་རྨང་གཞིའི་སློབ་གཉེར་མཇུག་སྒྲིལ་ཞིང་འཇིག་རྟེན་མཐུན་འཇུག་གི་དུས་ལ་བབས་ཚེ་བུ་དེའི་ཁྱིམ་ཚང་ནས་རིགས་རུས་མཐོ་ཞིང་སྤྱོད་ལམ་བཟང་བ། ཁ་སྒོ་སྐྱེ་འབྲས་ཡིད་དུ་འོང་བའི་བུ་མོ་གང་སར་འཚོལ་བ་ཡིན། དེ་ཡང་ས་ག་ཟླ་བའི་ཚེས15ཉིན། གྲོང་ཁྱེར་ཡོངས་ཀྱི་རྒན་དར་གཞོན་བྱིས་ཀུན་གླིང་སྐོར་དུ་སྐྱོད་སྐབས་རྫོང་རྒྱབ་ཀླུ་ཁང་ནང་དུ་ཆུ་ལ་ཀོ་བ་བཏང་ཞིང་གཞས་དང་རྣམ་ཐར་གཏོང་བ་སོགས་དགའ་སྐྱིད་ལ་རོལ་བ་དེའི་ཚེ་དང་། དེ་བཞིན་འཛམ་གླིང་སྤྱི་བསང་སྟེ་བོད་ཟླ5པའི་ཚེས15ཉིན་ལྷ་སའི་གྲོང་མི་ཕལ་ཆེར་གླིང་ཁ་གཏོང་བའི་དུས་སྐབས་དང་། དེ་བཞིན་བོད་ཟླ6པའི་གནམ་གང་ནས7པའི་ཚེས5དང6བར་ཞོ་སྟོན་ལྟ་བ་དང་བསྟུན་ནས་གླིང་ཁ་གཏོང་བ་སོགས་ཀྱི་སྐབས་སུ་བུའི་ཁྱིམ་ཚང་གི་གཉེར་པ་ཕྱག་མཛོད་དང་། གཡོག་པོ་རྒན་གྲས་ཚོས་སྔར་ནས་རྩད་གཅོད་བྱས་ཟིན་པའི་བུ་མོ་འགའ་ཞིག་བུ་དེར་བུ་མོས་མི་ཚོར་བའི་ཐོག་ནས་མིག་སྟོན་བྱས་ཏེ་སྲས་མོ་འདི་དང་འདི་གཟིམ་ཤག་དེ་དང་དེའི་ཡིན་པ་དང་། ཡོན་ཏན་འདི་འདྲ་དང་འདི་འདྲ་ཡོད་པས་ཁྱེད་ཀྱི་ཐུགས་ལ་སུ་ཞིག་བབ་པ་འདུག་གམ་ཞེས་འདྲི་སྲོལ་ཡོད་ཅིང་། འགའ་ཞིག་ནི་ཕ་མས་བུ་ལ་ཐད་ཀར་འདྲི་མཁན་ཡང་ཡོད། འོན་ཀྱང་ཕ་མས་ཐད་ཀར་འདྲི་མཁན་མང་པོ་མེད་པའི་རྒྱུ་མཚན་ནི་བུས་ཕ་མར་འཚེར་སྣང་བྱས་ཏེ་རང་གི་འདོད་དོན་གསལ་པོར་ཤོད་དཀའ་བའི་རྐྱེན་གྱིས་ཡིན།

       དེ་ལྟར་བུ་ལ་སྐད་ཆ་དྲིས་ནས་ཕ་མ་དང་བུའི་འདོད་བློར་བབ་པའི་བུ་མོ་གཉིས་སམ་གསུམ་ཙམ་ཞིག་འོས་གཞི་ལྟ་བུར་གཏན་འཁེལ་བྱས་རྗེས་བུ་མོ་དེ་ཚོའི་ཁྱིམ་ཚང་དང་འབྲེལ་བ་ཡོད་པའི་མི་སྐད་ཆ་ཤོད་མཁས་ཤིང་སྤྱི་ཚོགས་ཐོག་ཆ་འཇོག་ལེགས་ཙམ་ཡོད་པའི་མི་ཞིག་ལ་བུ་མོའི་ལོ་རྟགས་ལེན་པའི་མངགས་བཅོལ་ཞུ་དགོས་ཤིང་། དེས་ཀྱང་བུ་མོའི་ཁྱིམ་ཚང་དུ་ཕྱིན་ནས་འདི་འདྲ་ཞིག་གི་སྐུ་བག་ཏུ་འདི་གའི་སྲས་མོ་གསོལ་རས་ཞུ་འདོད་འདུག་པས་འཕྲོད་མིན་སོགས་ཀྱི་ཐད་ལྷ་བླ་མའི་ལུང་ཞུ་བྱེད་བདེ་ཡོང་ཕྱིར་སྲས་མོའི་དགུང་རྟགས་གསོལ་རས་ཡོང་བ་ཞེས་བརྗོད་པ་དང་སྦྲགས་བུའི་ཁྱིམ་ཚང་དེ་འབྱོར་པ་ཆེ་ཚུལ་དང་། ཁྱིམ་ཚང་གི་གནས་བབ་བཟང་ཚུལ། དེ་བཞིན་བུའི་ཤེས་ཡོན་དང་སྤྱོད་ལམ་བཟང་ཚུལ་སོགས་བཤད་དེ་བུ་མོའི་ཁྱིམ་ཚང་གི་ནང་མིའི་སེམས་ལ་བུ་མོ་ཁྱིམ་ཚང་དེ་འདྲ་ཞིག་ལ་སྟེར་ན་བཟང་བའི་བློ་སྐྱེས་རུ་འཇུག་པ་ཡིན། དེ་བས་བུ་མོའི་ཕ་མའམ་ཁྱིམ་ཚང་གི་གཙོ་བོ་རྣམས་གྲོས་བྱས་ཏེ་བུའི་ཁྱིམ་ཚང་རྩ་བའི་ཆ་ནས་རྒྱུས་མངའ་ཡོད་ཅིང་བུ་མོ་སྟེར་འདོད་ཡོད་པའམ། ཡང་ན་དེ་ཙམ་རྒྱུས་མངའ་མེད་ཀྱང་རྗེས་སུ་བརྟག་དགོས་སྙམ་པ་ཡིན་ཚེ་བུ་མོའི་ལོ་རྟགས་སྤྲོད་པ་དང་། གལ་ཏེ་རྒྱུ་རྐྱེན་གང་རུང་ལ་བརྟེན་ནས་བུ་མོ་རྩ་བ་ནས་སྟེར་འདོད་མེད་ཚེ་བུ་མོ་མནའ་མར་སྟེར་རྒྱུ་མིན་ཚུལ་ཐད་བུའི་ཁྱིམ་ཚང་ལ་ཕོག་ཐུག་མི་འགྲོ་བའི་སྐད་ཆ་འདྲ་ཆགས་པོ་ཞིག་བཤད་ནས་ལོ་རྟགས་སྤྲོད་ཀྱི་མེད། ལོ་རྟགས་མི་སྤྲོད་པ་ནི་མནའ་མར་མི་སྟེར་བ་གཏན་འཁེལ་བའི་རྟགས་ཡིན་པས་བུའི་ཁྱིམ་ནས་ཀྱང་ལོ་རྟགས་མ་བྱུང་བའི་བུ་མོ་མནའ་མར་སློང་རྩིས་བྱེད་ཀྱི་མེད། ལོ་རྟགས་བྱུང་བའི་བུ་མོ་གཉིས་སམ་གསུམ་གྱི་ལོ་རྟགས་དང་བུའི་ལོ་རྟགས་བཅས་ཁྱེར་ནས་བླ་མར་ཐུགས་དམ་ཞུ་བ་དང་། ལྷ་ལ་ལུང་ཞུ་བ་སོགས་བྱས་ཏེ་གོང་དུ་ལོ་རྟགས་ལེན་པའི་སྐབས་ལྟར་མོ་ལུང་ལས་ཐོན་པའི་བུ་མོ་དེའི་ཁྱིམ་ཚང་དང་འབྲེལ་བ་ཡོད་ལ་སྤྱི་ཚོགས་ཐོག་ཆ་འཇོག་ཆེ་བའི་མི་ཞིག་གཉེན་སློང་བ་གནང་རོགས་ཞུས་ཏེ་དེ་ལ་གཉེན་པའམ་གཉེན་དཀར་ཡང་ཟེར། མནའ་མ་སློང་མཁན་དེས་ཀྱང་མངོན་ཆུང་ངང་ཕྱིན་ཏེ་གནས་ཚུལ་ཕྱིར་གྱར་མི་ཡོང་བ་བྱེད་པ་ལས་རྒྱས་སྤྲོས་ཆེར་ཆེར་མི་བྱེད།དེའི་རྒྱུ་མཚན་ནི་གཅིག་ནས་གལ་ཏེ་མནའ་མར་མ་སྟེར་བ་ཡིན་ན་དོན་དེ་ཕྱིར་གྲགས་ཏེ་མནའ་མ་སློང་མཁན་གྱི་མིང་ལའང་གནོད་སྲིད་པ་དང་། གཉིས་ནས་བུ་མོ་སྟེར་རྒྱུ་ཁས་བླངས་ནའང་གནས་ཚུལ་ཕྱིར་གྱར་སོང་ན་བུ་མོ་དེ་སློང་འདོད་ཡོད་མཁན་གཞན་གྱིས་ཚང་ཁ་བརྒྱབ་སྟེ་འགྱུར་བ་འགྲོ་སྲིད་པར་མ་ཟད་ཕྲག་དོག་ཅན་སོགས་ཀྱི་དབྱེན་སྦྱོར་ལ་བརྟེན་ནས་འགྱུར་བའང་འགྲོ་སྲིད་པ་ཡིན་ལ་ད་དུང་བུ་མོས་ཤེས་ཚེ་གལ་ཏེ་བུ་མོའི་བློ་ལ་རྩ་བ་ནས་མ་ཕྱིན་པ་ཡིན་ན། བུ་མོས་གཉེན་བྱོལ་བྱེད་པ་སོགས་ཀྱི་འགྱུར་བ་ཡང་ཡོང་སྲིད་པ་བཅས་ལ་བརྟེན་དེ་དག་ལ་སོགས་པའི་བར་ཆད་མི་ཡོང་བའི་ཆེད་དུ་གསང་བ་བྱེད་དགོས་པས་ཡིན།

       སྤྱིར་སློང་ཆང་ཞེས་པ་བཏང་བའི་རྗེས་སུ་འགྱུར་བ་བཏང་མི་ཆོག་པ་ཡིན་ཀྱང་། དེ་ཡང་མཐའ་གཅིག་ཏུ་ངེས་པ་མེད་པ་སྟེ་སྔར་གྱི་ཁ་རྒྱུན་དུ་བག་མ་རྟ་ཐོག་ནས་འགྱུར་ཞེས་བརྗོད་པ་ལྟར་མནའ་མ་བསུ་མཁན་གྱིས་བག་མ་རྟ་ལ་བཀྱོན་ཟིན་པའི་རྗེས་སུའང་འགྱུར་བ་བཏང་ཆོག་པའི་ཤོད་སྲོལ་ཡོད་པ་ལྟ་བུའོ།། བག་མ་སློང་མཁན་དེས་བུ་མོའི་ཁྱིམ་དུ་ཕྱིན་ནས་སྔོན་དུ་བུ་མོའི་ལོ་རྟགས་ཞུས་པ་བཞིན་ལྷ་བླ་མའི་ལུང་ཞུས་པར་བཟང་ཕེབས་བྱུང་ཚུལ་དང་། བུའི་ཁྱིམ་ཚང་གི་རིགས་རུས་ཆོ་འབྲང་སོགས་ཁྱིམ་ཚང་དེའི་སྣོད་བཅུད་ཁྱད་ཡོན་འབྲེལ་བརྗོད་གང་ལེགས་བྱས་ཏེ་བུ་མོ་སློང་བ་དང་། བུ་མོའི་ཁྱིམ་ཚང་ནས་དེ་སྔོན་བུ་མོའི་ལོ་རྟགས་བསྐུར་ཟིན་ཀྱང་རྗེས་སུ་རྒྱུ་རྐྱེན་གང་རུང་ལ་བརྟེན་ནས་བུ་མོ་སྟེར་མ་འདོད་ཚེ་བུའི་ཁྱིམ་ཚང་གི་ནང་མི་དང་རིགས་རུས་སོགས་གང་ལའང་ཞུ་དགོས་རྩ་བ་ནས་མེད་ཀྱང་རང་གི་བུ་མོའི་ཕྱོགས་ཀྱི་རྒྱུ་རྐྱེན་འདི་འདྲ་དང་དེ་འདྲ་ལ་བརྟེན་ནས་བུ་མོ་སྟེར་ཐབས་རྩ་བ་ནས་མེད་ཚུལ་བཤད་དེ་སྔར་བཞག་པའི་སློང་ཆས་རྣམས་ཨུ་ཚུགས་མཐར་སྐྱེལ་ངང་ཕྱིར་སློག་བྱེད་པ་དང་། གལ་ཏེ་བུ་མོ་སྟེར་འདོད་ཡོད་ན་ཡང་ལམ་སེང་ཁས་ལེན་མ་བྱས་པར་བུ་མོའི་མི་ཚེ་གཅིག་གི་དོན་ཆེན་ལ་བརྟེན་རང་ཕྱོགས་ནས་ཀྱང་མོ་ལུང་སོགས་གལ་ཆེ་ནན་ཏན་བྱེད་འོས་པར་མ་ཟད། ཕ་མ་སོགས་ནང་མི་རྒན་གྲས་རྣམས་ཇི་གབ་གྲོས་སྡུར་བྱེད་དགོས་པ་སོགས་ལ་བརྟེན། གནས་སྐབས་སློང་ཆས་རྣམས་ཕྱིར་བསྣམས་རོགས་ཞེས་ཕྱིར་སློག་བྱེད་ཁུལ་བྱེད་ཀྱང་གཉེན་པོ་སྟེ་མནའ་མ་སློང་མཁན་གྱིས་སློང་ཆས་མ་བསླངས་པར་འདི་རྣམས་ཅི་ནས་བཞེས་རོགས་གནང་ཞེས་ཨུ་ཚུགས་བྱས་ན་ཕྱིར་སློག་མི་བྱེད་ཙམ་ལས་སློང་ཐེངས་དང་པོར་བུ་མོ་སྟེར་རྒྱུ་ཁས་ལེན་བྱེད་མཁན་དཀོན་པོ་ཡིན། དེ་ནི་བུ་མོའི་ཆེ་མཐོང་ལ་མི་གནོད་པའི་ཆེད་དུ་རེད།

       འོན་ཀྱང་སློང་ཆས་ཕྱིར་སློག་མཐར་སྐྱེལ་མི་བྱེད་པ་དེ་བུ་མོ་སྟེར་རྒྱུའི་རེ་བ་ཡོད་པར་ངོས་འཛིན་བྱས་ཏེ་ཉིན་ཤས་ཀྱི་རྗེས་སུ་སླར་ཡང་གཉེན་པ་དེ་ག་ཕྱིན་ནས་བུ་མོ་གོ་སྟེར་ཡོང་བ་ཞེས་བརྗོད་སྐབས་དེའི་ལན་དུ་བུ་མོ་འདི་པ་གཉེན་སློང་བྱེད་མི་མང་པོ་བྱུང་ཡང་གཅེས་ཕྲུག་ལང་ཤོར་ལྟ་བུར་སོང་ཕྱིར་གཏོང་མི་ཕོད་ཀྱང་། གཅིག་ནས་བུ་མོ་ལོན་ན་མི་སྒོ་མི་འགྲིམ་ཐབས་མེད་ཡིན་ཅིང་། གཉིས་ནས་ད་ལམ་གཟིམ་ཤག་ཆེ་གེ་མོའི་སྐུ་བག་ཏུ་དགོས་ཞེས་སྐུ་ཉིད་ནས་ཨུ་ཚུགས་གནང་བས་བཀའ་ནན་བཟློག་ནུས་བྲལ་ཁར་གཟིམ་ཤག་སྐུ་རུས་མཐོ་ཞིང་སྐུ་ངོ་ཡབ་ཡུམ་སྲས་བཅས་ཡ་རབས་བཟང་སྤྱོད་དང་ལྡན་པ་འབའ་ཞིག་ཡིན་ཅིང་། ད་ལམ་རང་ཕྱོགས་ནས་ཀྱང་ལྷ་བླར་ལུང་ཞུ་བྱས་པར་བཟང་ཕེབས་བྱུང་བས་གནས་སྐབས་བུ་མོ་བྲལ་མི་ཕོད་ཙམ་འདུག་ཀྱང་ཕུགས་སུ་བུ་མོའི་འགྲོ་སྟངས་ལ་བསམ་ནས་བུ་མོ་འབུལ་རྒྱུ་ཞུས་ཆོག་པ་ཞེས་སོགས་བརྗོད་པ་ཡིན། དེ་ལྟར་སྟེར་རྒྱུ་ཁས་བླངས་རྗེས་སློང་ཆང་གི་ཚེས་ཆ་གཏན་འཁེལ་བྱེད་པ་དང་། གོང་དུ་བརྗོད་པ་ལྟར་སྤྱིར་སློང་ཆང་བཏང་རྗེས་འགྱུར་ལྡོག་བཏང་མི་རུང་བར་བརྗོད་པ་ཡིན་སྟབས་བུའི་ཁྱིམ་ཚང་ནས་སློང་ཆང་གི་ཚེས་ཆ་གང་སྔ་སྔ་གཏན་འཁེལ་ཐུབ་ཐབས་བྱེད་ཀྱི་ཡོད་པ་རེད། སློང་ཆང་ནི་གཟའ་སྐར་དགེ་བའི་ཉིན་ཕལ་ཆེར་བུ་མོའི་ཁྱིམ་ཚང་དུ་བྱེད་པ་དང་། བུ་མོའི་ཁྱིམ་ཚང་དུ་སྟབས་བདེ་མིན་བྱུང་ཚེ་བུའི་ཁྱིམ་ཚང་དུའང་བྱེད་སྲོལ་ཡང་ཡོད་ཅེས་ཞོལ་ཁང་བསོད་ནངས་དར་རྒྱས་སོགས་མཁས་དབང་བགྲེས་པ་དག་གི་ཞལ་ལས་ཐོས།།      

རྩོམ་སྒྲིག་པ།:卓玛央初
གཙོ་སྒྲུབ། ཀྲུང་གུང་སེམས་ཀྱི་ཉི་ཟླ་རྫོང་ཨུ། སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྲིད་གཞུང་།
འགན་སྒྲུབ། སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཆ་འཕྲིན་ལག་རྩལ་དོ་དམ་ལྟེ་གནས། སེམས་ཀྱི་ཉི་ཟླ་གློག་རྡུལ་སྲིད་དོན་དོ་དམ་ལྟེ་གནས། 0887-8222726
གྲ་སྒྲིག་ཡིག་ཆའི་ཨང་རྟགས། ཡུན་ནནICP ཨང་རྟགས། 13000589
ལག་རྩལ་རྒྱབ་སྐྱོར། ཡུན་ནན་དྲ་བ།