旅游资讯 专题 人文地理 图说香格里拉 摄影俱乐部 景点景区 民风民俗 特色美食 旅游贴士
དབུ་ཤོག > ཡུལ་སྲོལ་གོམས་གཤིས། > ནང་དོན་དངོས་གཞི།
སྐྱ་ནམ་རྒྱས་པའི་བོད་ཀྱི་ལོ་གསར།
དུས་ཚོད།:2018-02-13 15:07:28   རྩོམ་ཁུངས།:

       བོད་ཀྱི་ལོ་གསར་ནི་བོད་ཀྱི་གཟབ་ཤོས་དང་རྟེན་འབྲེལ་རྒྱས་ཤོས་ཀྱི་སྲོལ་རྒྱུན་དུས་ཆེན་ཞིག་རེད། འདི་ལོ་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་མཉམ་དུ་འཁེལ་ཞིང་། ལྷ་སའི་གནའ་བོའི་ཁྲོམ་ར་སྟེ་ཁྲོམ་གཟིགས་སྒང་དུ་ལོ་གསར་གྱི་ཆ་ཚིག་དང་། ཤིང་འབྲས་སྐམ་པོ། ཕྱུར་བ། ཕྱེ་མར་འབོ། ལོ་གསར་མེ་ཏོག་སོགས་ལོ་གསར་གྱི་མཁོ་ཆས་གང་དགོས་འདུག་ལ། ཁ་ཟས་ཀྱི་དྲི་ཞིམ་འཐུལ་སྐབས་ལོ་གསར་ཤར་བའི་རྣམ་པ་ཞིག་ཡིད་ལ་འཆར།
     བཀྲ་ཤིས་པའི་ཕྱེ་མར་འབོ།
     ལོ་གསར་སྐབས་ཚགས་ཤ་སྐམ་པོ་དང་སོས་པ་དང་། མར། གྲོ་མ། ཆང་སོགས་ནི་ལོ་གསར་སྐབས་མེད་དུ་མི་རུང་བའི་མཁོ་ཆས་ཡིན་པ་ཕུད། ད་དུང་ཕྱེ་མར་འབོ་ནི་ལོ་གསར་སྐབས་ཧ་ཅང་གལ་འགངས་ཆེ་བའི་མཁོ་ཆས་ཤིག་རེད།
     ཕྱེ་མར་འབོའི་གཡས་གཡོན་གཉིས་སུ་ཕྱེ་མར་དང་གྲོ་རྒྱོང་དགོས་པ་དང་དེ་གཉིས་ཀྱི་ཐོག་ཚོས་གཞི་སྣ་ཚོགས་ཀྱི་སྙེ་མ་དང་ལོ་གསར་མེ་ཏོག རྩེ་གྲོ་བཙུགས་ཏེ་ཆ་སྒམ་ཐོག་བསྒྲིགས་ཀྱི་ཡོད། ལོ་གསར་སྐབས་ཁྱིམ་དུ་མི་སུ་ཞིག་སླེབས་ཀྱང་སྔོན་ལ་ཕྱེ་མར་བཀྱགས་ནས་ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་དང་སྐུ་མགྲོན་གྱིས་ཀྱང་ཕྱི་མར་ཕུད་སྟོར་བྱས་ཏེ་ཁ་ནས“བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས། ཨ་མ་བག་གྲོ་སྐུ་ཁམས་བཟང”ཞེས་བཀྲ་ཤིས་སྨོན་ཚིག་བརྗོད་ནས་ཁ་ལ་ཏོག་ཙམ་ཟས་རྗེས་སྦྱིན་བདག་ལ“ལོ་གསར་ལ་བཀྲ་ཤིས་བདེ་ལེགས”ཞེས་ཤོད་ཀྱི་ཡོད།
    ཕྱེ་མར་འབོའི་ནང་བཙུགས་ཆེད་ཀྱི་རྩེ་གྲོ་ནི་མེད་དུ་མི་རུང་བ་ཞིག་རེད། ལོ་གསར་གོང་དུ་ཞིང་ལས་དལ་བའི་ཞིང་པ་རྣམས་ཀྱིས་སྐབས་དེ་དང་བསྟུན་ནས་ཚེ་རིང་རྣམ་དྲུག་དང་མཐུན་པ་སྤུན་བཞི་ལ་སོགས་འཁོད་པའི་རྩེ་གྲོ་བཙོངས་ནས་ཡོང་འབབ་རག་ཐབས་བྱེད་པ་དང་རྩེ་གྲོ་དེ་དག་བཟོ་རྩལ་རྙོག་འཛིང་ཆེ་བ་དང་རང་ཉིད་ཀྱི་ལག་པས་བཟོས་པ་ཞིག་ཡིན་པས། གོང་མཐོ་ཙམ་ཡོད་ཀྱང་། ལྷ་སའི་གྲོང་མི་ཚོས་གོང་ལ་མི་འཛེམས་པར་ཉོ་ཀྱང་བྱེད་ཀྱི་ཡོད།
     ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གྲྭ་བཞི་ཁྲོམ་གཞུང་གི་བགྲེས་སོང་ལྷག་པ་ཚེ་རིང་གིས་སྔོན་མ་ཡིན་ན་སྙེ་མར་ཚོས་བྱུག་སྲོལ་མེད། ད་ཆ་སྙེ་མར་ཚོས་བྱུག་ནས་བཙོངས་ཀྱི་འདུག་པས། སྙིང་རྗེ་པོ་འདུག་ལ་བཀྲ་ཤིས་ཀྱི་རྣམ་པ་ཡང་མཚོན་གྱི་འདུག་ཅེས་བརྗོད་བྱུང་།
    ཁྲོམ་གཞུང་ནས་ཁ་ཟས་ཀྱི་དྲི་ཞིམ་འཐུལ།
    ཕོ་བྲང་པོ་ཏ་ལའི་རྒྱབ་ཀྱི་རྫོང་རྒྱབ་ནོར་འཛིན་ཇ་ཁང་ཞེས་པའི་ནང་ཁ་ཟས་ཉོ་མཁན་གྱིས་ཁེངས་ནས་འདུག ཇ་ཁང་ནས་དོན་སྐབས་མི་རྣམས་ཀྱིས་ལག་པར་ཁ་ཟས་བླུགས་པའི་སྒམ་ཆུང་འཁྱེར་ཏེ་ལོག་འགྲོ་བའི་ལམ་དུ་སྐྱོད་བཞིན་མཆིས།
    ལོ་དྲུག་ཅུ་ལྷག་ཡིན་པའི་ཨ་མ་ནོར་འཛིན་ལགས་ཀྱིས་1995ལོ་ནས་ཁ་ཟས་བཙོངས་ནས་ད་བར་ལོ་ཉི་ཤུ་ཙམ་འགྲོ་ཡི་ཡོད། ཁོང་གིས“ད་ཆ་གྲོང་མིའི་འཚོ་བ་ཡག་ཏུ་ཕྱིན་པ་དང་ལས་ཀ་ཡང་བྲེལ་བ་ཚ་རུ་ཕྱིན་པར་བརྟེན་ཁ་ཟས་བཟོ་བའི་ཁོམ་པ་མེད། དེར་བརྟེན་ངས་གོ་སྐབས་དེ་དང་བསྟུན་ནས་ཁ་ཟས་བཙོངས་པ་ཡིན། ད་ཆ་ཉིན་གཅིག་ལ་ཡོང་འབབ་སྒོར་ལྔ་སྟོང་དྲུག་སྟོང་རག་གི་འདུག”ཅེས་བརྗོད།
    ཨ་མ་ནོར་འཛིན་ལགས་ཀྱི་ཁ་ཟས་སྤུས་དག་པོ་ཡོད་ལ་ཞིམ་པོ་ཡོད་པ་མ་ཚད། སྣ་ཁ་ཡང་ཕུན་སུམ་ཚོགས་པོ་ཡོད། ཁོང་གིས་ཁ་ཟས་གཅིག་ལ་མཛུབ་མོ་བཙུགས་ཏེ“དེ་ནི་དེ་སྔ་ཧུད་རིགས་ཀྱི་མངར་ཟས་ཞིག་རེད། ལྷ་སར་ཧ་ལམ་མཐོང་རྒྱུ་མེད། ཁ་ཟས་དེ་རིགས་བཟོ་ཐུབ་མིན་སྐད་ཆ་འདྲི་མཁན་མང་བས། ངས་ཚོད་ལྟ་བྱས་ཏེ་བཟོས་ནས་བཙོངས་སྐབས་མི་རིགས་ཁག་གི་སྐུ་མགྲོན་ཚོས་ཧ་ཅང་དགའ་པོ་བྱེད་ཀྱི་འདུག”ཅེས་བརྗོད།
    ཚོན་མདོག་རྣམ་པར་བཀྲ་བའི་དར་ལྕོག
    དར་ལྕོག་ལ་རླུང་རྟ་ཡང་ཟེར་ཞིང་། དེ་ཡང་སྔོན་པོ་དང་། དཀར་པོ། དམར་པོ། ལྗང་གུ། སེར་པོ་བཅས་ཚོན་མདོག་ལྔ་ལས་གྲུབ་པ་དང་དར་ཤིང་སྟེང་རིམ་པ་བྱས་ནས་བསྒྲོགས་ཀྱི་ཡོད། ལོ་གསར་གྱི་ཚེས་པ་གསུམ་མམ་ཡང་ན་ཚེས་བཟང་ཉིན་མོར་གྲོང་པ་ཁྱིམ་མཚེས་རྣམས་ཐོག་ཁར་འཛོམས་ནས་དར་ལྕོགས་རྙིང་པ་བཤམས་ནས་དར་ལྕོག་གསར་པ་བཙུགས་ཏེ་ལོ་གསར་པར་ལུས་བདེ་ཁམས་བཟང་དང་ལོ་ཕྱུགས་རྟག་ཏུ་ལེགས་པའི་སྨོན་ལམ་རྒྱག་གི་ཡོད།
    ལྷ་ས་ཀརྨ་དགོན་གསར་གྱི་འགྲམ་དུ་ཕ་ཡུལ་སྙེ་མོ་ནས་ཡིན་པའི་བཟང་པོ་དང་ཁོང་གི་རོགས་པ་ཚོས་ལྷ་སར་དར་ལྕོག་བཙོངས་ནས་ལོ་ཁ་ཤས་འགྲོ་གི་ཡོད། བཟང་པོས་དར་ལྕོག་ལ་མཛུབ་མོ་བཙུགས་ནས་གསར་འགོད་པར་ཚོས་གཞི་སྔོན་པོ་ནི་གནམ་གྱི་ཁ་དོག་རེད། ཚོས་གཞི་དཀར་པོ་ནི་སྤྲིན་གྱི་ཁ་དོག་རེད། ཚོས་གཞི་དམར་པོ་ནི་མེ་ཡི་ཁ་དོག་རེད། ཚོས་གཞི་ལྗང་གུ་ནི་ཆུའི་ཁ་དོག་རེད། ཚོས་གཞི་སེར་པོ་ནི་སའི་ཁ་དོག་རེད་ཅེས་རེ་རེ་བྱས་ནས་འགྲེལ་བཤད་བརྒྱབ།
     བཟང་པོས“ལོ་གསར་གོང་གི་ཟླ་བ་གཅིག་གི་སྔོན་ནས་ང་ཚོ་དར་ལྕོག་འཚོང་བར་ཡོང་གི་ཡོད། དར་ལྕོག་བྲིན་པོ་འདུག ཉིན་རེར་སྒོར་500ལྷག་ཙམ་རག་གི་འདུག”ཅེས་བརྗོད་བྱུང་། དར་ལྕོག་དེ་དག་རླུང་བུའི་ཁྲོད་ལྷབ་ལྷུབ་ཏུ་གཡོ་བ་བཞིན་མི་རྣམས་ཀྱིས་སྨོན་ལམ་བཏབ་པ་ཐམས་ཅད་གྲུབ་ཐུབ་པ་ཡོང་བ་ཤོག་ཅེས་བརྗོད་པ་ལྟར་མཚུངས།

རྩོམ་སྒྲིག་པ།:卓玛央初
གཙོ་སྒྲུབ། ཀྲུང་གུང་སེམས་ཀྱི་ཉི་ཟླ་རྫོང་ཨུ། སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྲིད་གཞུང་།
འགན་སྒྲུབ། སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཆ་འཕྲིན་ལག་རྩལ་དོ་དམ་ལྟེ་གནས། སེམས་ཀྱི་ཉི་ཟླ་གློག་རྡུལ་སྲིད་དོན་དོ་དམ་ལྟེ་གནས། 0887-8222726
གྲ་སྒྲིག་ཡིག་ཆའི་ཨང་རྟགས། ཡུན་ནནICP ཨང་རྟགས། 13000589
ལག་རྩལ་རྒྱབ་སྐྱོར། ཡུན་ནན་དྲ་བ།