旅游资讯 专题 人文地理 图说香格里拉 摄影俱乐部 景点景区 民风民俗 特色美食 旅游贴士
དབུ་ཤོག > གནས་སྐོར་ལྗོངས་ཁུལ། > ནང་དོན་དངོས་གཞི།
གནས་ཆེན་ཤར་དུང་རི།
དུས་ཚོད།:2015-05-22 10:10:36   རྩོམ་ཁུངས།:གངས་ལྗོངས་ཉི་གཞོན།

 གནས་ཆེན་ཤར་གཉན་དུང་རི་དཀར་པོ་ནི། མདོ་སྨད་སའི་ཐིག་ལེ་བཀྲ་ཤིས་གཡང་གི་ར་བ། རྔ་བ་བོད་རིགས་རང་སྐྱོང་ཁུལ་ཟུང་ཆུ་རྫོང་གི་ཤར་ཕྱོགས་སྤྱི་ལེ་ཉེར་ལྔའི་བར་ཐག་དང་རྒྱང་བའི་གནས་སུ་འགྱིང་ངེར་གནས་ཤིང་།བོད་རབ་བྱུང་གཉིས་པའི་མེ་རྟ་སྤྱི་ལོ་1126ལོར་སྐུ་འཁྲུངས་པའི་སྐྱང་འཕགས་ཉི་མ་འོད་ཟེར་གྱིས་རང་ལོ་ཉེར་བཞིའི་སྟེང་། སྤྱི་ལོ་1149ལོར་ཟིང་ཆུ་རྫོང་ལ་འགྲོ་དོན་དུ་ཕེབས། བོད་རབ་བྱུང་གསུམ་པའི་ས་སྟག་སྤྱི་ལོ་1158ལོའི་ཧོར་ཟླ་དྲུག་པའི་ཚེས་བཅོ་ལྔ་ལ་གནས་ཆེན་ཤར་དུང་རི་དཀར་པོ་འདི་གནས་སྒོ་ཕྱེས་ཏེ་གསང་སྔགས་མ་རྒྱུད་ཀྱི་དམ་ལ་གནས་ཤིང་བཀའ་ཡི་སྲུང་མར་བཀུར་ཞིང་།སེར་མཚོའི་ལུང་པ་འདིའི་གནས་བདག་སོགས་ལ་བརྔན་ཡོན་མཆོད་འབུལ་རྒྱ་ཆེན་ཕུལ་ནས་ཆར་སློང་བས་ཆར་ཆུ་དུས་སུ་འབབ་པ་དང་ལོ་ཕྱུགས་རྟག་ཏུ་ལེགས་ཏེ་སེམས་ཅན་བདེ་སྐྱིད་འཚོ་བ་གོང་འཕེལ་དུ་སོང་བར་བརྟེན་དུས་དེ་ནས་བཟུང་སྟེ་དེང་གི་བར་ལ་ཡང་ལོ་རེ་བཞིན་ཧོར་ཟླ་དྲུག་པའི་ཚེས་བཅོ་ལྔ་ལ་བོད་རྒྱ་ཆའང་སོགས་ཀྱི་མི་རྣམས་གནས་འདིར་འཛོམས་ཏེ་ཤར་གཉན་དུང་རི་གཙོས་པའི་ཡུལ་དེར་གནས་པའི་ལྷ་ཀླུ་གཞི་བདག་སོགས་ལ་མི་རིགས་སོ་སོའི་ཁྱད་ཆོས་ལྡན་པའི་སྒོ་ནས་གསོལ་མཆོད་བྱེད་སྲོལ་ཆགས་ཡོད།གཞན་ཡང་དུས་ཆེན་འདི་ལ་སྨད་རྒྱ་ནག་གླང་ཆེན་འགྱིང་རི་ཡན་གྱི་རྒྱ་རིགས་བླ་མ་རྣམས་ཀྱིས་དུས་ཆེན་འདི་གལ་ཆེན་ཞིག་ཏུ་བརྩིས་ཀྱི་ཡོད་པར་མ་ཟད། མཚོ་འཕགས་སྨི་5588ཡོད་ལ། ཁྱད་པར་དུ་གནས་རི་འདི་ལ་སྡོང་པོ་དགུ་འདུས་ཀྱི་ཕ་རྒྱུད་སྐུ་དང་ཞིང་ཁམས་སུ་མཆོག་ལྔ་སྒྲུབ་པའི་གཞལ་ཡས་གསང་ཕུག་སོགས་ཡོད།ཕྱི་ལྟར་ཁ་བའི་དུང་མཆོག་རི།ནང་ལྟར་ཤེལ་གྱི་མཆོད་རྟེན་ལ་ཀུན་བཟང་མཁའ་འགྱིང་དཀར་པོའི་སྐུ།གསང་མཆོག་མཐར་ཐུག་རྒྱལ་པོའི་ལྷ་སུམ་བརྒྱ་དྲུག་ཅུའི་ལྷ་ཚོགས་གནས་ཤིང་།ཕྱོགས་བཞིར་ཤར་གསེར་མཚོ་སྒྲུབ་ཕུག བྱང་ལྗང་ལམ་སྒྲུབ་ཕུག ནུབ་མ་ཏྲིའི་སྒྲུབ་ཕུག ལྷོ་ནུབ་གདམས་ངག་སྒྲུབ་ཕུག་བཅས་དང་།ཤར་ལྷོར་ཇ་རི་རོང་སྟོང་སྐུའི་སྒྲུབ་ཕུགམཚམས་བཞི་ན་དུར་ཁྲོད་ཆེན་པོ་བཞི་དང་སྒྲུབ་ཆུ་བཞི་སོགས་ཀྱིས་བསྐོར།ཤར་དུང་རིའི་བར་སྐེད་དུ་གནས་པའི་མཛེས་ལྗོངས་གསེར་མཚོ་ནི་འཛམ་གླིང་རང་བྱུང་མཛེས་ལྗོངས་གྲགས་ཅན་གྱི་སྲུང་སྐྱོབ་གྲས།རང་རྒྱལ་གྱི་མིང་དུ་གྲགས་པའི་ཡུལ་སྐོར་གནས་མཆོག་ཁྱད་པར་ཅན་སྟེ་སྔོ་སེར་དམར་ལྗང་སོགས་ཐུན་མོང་མ་ཡིན་པའི་ཚོན་མདངས་བཀྲ་བའི་གསེར་མཚོ་དང་གཡུ་མཚོ།དངུལ་མཚོ་སོགས་དུ་མ་གནས་ཡོད།མཛེས་ལྗོངས་ཁུལ་འདི་རྒྱལ་ཁབ་ཀྱི་ཡུལ་སྐོར་གནས་མཇལ་སྒོ་ཕྱེས་ཡོད་ལ།དབྱར་དུས་སུ་ཉིན་རེ་ལ་རྒྱལ་ཕྱི་ནང་གི་ཡུལ་སྐོར་བ་ཁྲི་སྟོང་མང་པོ་ལ་སྣེ་ལེན་བྱེད་ཀྱི་ཡོད།དེར་མ་ཟད་མཛེས་ལྗོངས་ཁུལ་འདི་ལ་གསེར་དངུལ་ཟངས་ལྕགས་སོགས་རིན་པོ་ཆེའི་རིགས་དང་།ཡུལ་ལུང་གཞན་ནས་དཀོན་པའི་རྩ་ཆེན་གྱི་སྨན་རིགས་སྣ་ཚོགས་ཏེ།ཨ་ཀ་རུ་དང།སིང་ལྡིང་། སེར་འབྲུ། འོམ་བུ། གུར་གུམ། ཀུ་ཤ ཨཏྤལ་སྔོན་པོ། དབྱར་རྩྭ་དགུན་འབུ། སྲོ་ལོ་དཀར་དམར་སོགས་དང་།གཞན་བྱ་རིགས་དང་རི་དྭགས་རིགས་རྒྱལ་ཁབ་ཀྱིས་སྲུང་སྐྱོང་རིམ་པའི་སྲོག་ཆགས་གྲངས་ལས་འདས་པ་ཡོད།གཞན་ཡང་འདི་མཛེས་ལྗོངས་ཁུལ་འདི་ལ་གོང་འོག་བར་གསུམ་གྱི་ལྷ་ཁང་གསུམ་ཡོད།དེ་སྔར་ལྷ་ཁང་གསུམ་ཀ་གཡུང་དྲུང་བོན་གྱི་དགོན་པ་ཡིན་མོད།ཕྱིས་སུ་དུས་འགྱུར་སོགས་ཀྱི་དབང་གིས་གོང་མ་དེ་རྒྱའི་ཏོ་ཆོའི་ལྷ་ཁང་དུ་བསྒྱུར།བར་མ་བོན་གྱི་ལྷ་ཁང་ངམ་དགོན་པ་དང་།འོག་མ་བསྐྱར་བཞེངས་མ་བྱུང་།ལྷ་ཁང་བར་མ་སྟེ་གསེར་མཚོ་གཡུང་དྲུང་ལྷ་ཁང་དགོན་འདི་སྔོན་ཆད་ནས་རིན་སྤུངས་དགོན་པའི་དགོན་ལག་གམ་བདག་སྐྱོང་བྱེད་བཞིན་ཡོད།མཚོའི་བར་སྐེད་ལ་བོན་གྱི་བླ་ཆེན་སྟག་ལ་མེ་འབར་གྱི་སྒྲུབ་ཕུག་དང་།བོན་ཆོས་དབྱེར་མེད་ཀྱི་མཁས་དབང་ལོ་ཙཱ་བ་ཆེན་མོ་བཻ་རོ་ཙ་ནའི་སྒྲུབ་ཕུག་སོགས་ཡོད་དེ་2006ལོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་《གནས་ཆེན་ཤར་ཕྱོགས་དུང་རི་དང་དགོན་སྡེ་དུ་མའི་དཀར་ཆག་མཐོང་བ་དོན་ལྡན།》ཞེས་པ་ལས་དེ་ནས་མཛེས་ལྗོངས་གསེར་མཚོའི་ཚོན་ལྔའི་མཚོ་འགྲམ་གྱི་འཁྲིས་སུ་གསེར་མཚོའི་གནས་ཁང་ཞེས་པའི་ནང་དུ་དུས་གསུམ་སངས་རྒྱས་ཀྱི་རྡོ་སྐུ་རང་བྱོན་བཞུགས་པར་མ་ཟད། དབུ་གདུགས། རྒྱལ་མཚན། འབྲུག སེང་གེ་སོགས་འབུར་དུ་དོད་པ་ཡ་མཚན་པའི་གཟུགས་བརྙན་སྣ་ཚོགས་ཡོད། ཕུགས་སུ་ཉི་མ་གསུམ་བཞིའི་འགྲོ་ལམ་ཡོད་ཟེར་སྲོལ་འདུག ནང་ལ་གངས་ཆུ་སོགས་ཡོད་ལ་ཆུ་གཞན་དང་མི་འདྲ་བ་དྭངས་ཤིང་བསིལ་བ་སོགས་ཀྱི་ཡོན་ཏན་ལྡན། གཞན་ཡང་ཤར་དུང་རིའི་ནུབ་ཕྱོགས་སུ་གོང་མ་ཁིས། ཁིས་ཞེས་པ་ནི་ལ་འགོའམ་ལ་བཙས་ལྟ་བུ་ལ་གོ། ཞེས་རྒྱ་ནག་གོང་མའི་བླ་སྟེ། དེ་ཡིན་པའི་རྟགས་སུ། རྡོ་རིང་དང་། ཉི་ཟླའི་འཁོར་ལོ། མི་འགྱུར་དྲན་གསོའི་རྟེན་སོགས་2002ལོའི་ཟླ་བརྒྱད་པའི་ནང་ལ་གསར་དུ་ས་འོག་ནས་ཐོན།རྡོ་རིང་སོགས་ལ་དེང་དུས་ཞིབ་འཇུག་པ་མང་པོས་ཞིབ་འཇུག་བྱས་མཐར་དེ་དག་ནི་གནའ་བོའི་རྒྱ་ནག་གོང་མ་ཆན་ལུང་དགུང་ལོ་སུམ་ཅུ་རྩ་གྲངས་ཐོན་དུས་བཞག་པར་བདེན་དཔང་བྱས།ཁིས་འདི་ཧ་ཅང་མཐོ་བ་དང་ཆུ་བོ་ཕུག་ཅང་ཞེས་པའི་འབྱུང་ས་སོགས་ཡིན།གཡས་གཡོན་ལ་རྡོ་རིང་གཉིས་ཡོད།དེའི་ངོས་སུ་རྒྱ་ཡིག་གི་ནན་ཝུའུ་ཝོ་མིའི་ཐོ་ཧྥུ་ཞེས་པའི་ཡིག་འབྲུ་བརྐོས་འདུགསྨད་ཟུར་ན་ཕ་བོང་ཆེན་པོ་ཞིག་གི་ངོས་སུའང་གོང་དང་འདྲ་བའི་ཡིག་འབྲུ་དང་། ཡང་ཧོར་ཐུང་ཁུག་ཅེས་པའི་ས་མིང་དེར་མཁར་ཤུལ་རྡོ་ཆག་སོགས་ཡོད། མདུན་ངོས་སུ་མཁར་ཤུལ་ཞིག་ཡོད་པ་དེ་ཧ་ལམ་སྤྱི་ལོ་553ཡས་མས་སུ་བསྐྲུན་པའི་གནའ་མཁར་ཞིག་ཡིན།སྟེང་དུང་རིའི་ཕྱོགས་ནས་རྫ་རི་ཞྭ་འདྲ་བ་ཞིག་ཡོད་པ་དེ་ནི་གོང་མའི་དབུ་ཞྭ་ཡིན་ཟེར་སྲོལ་ཡོད།རི་རྒྱུད་ལ་གོང་མ་མདའ་ཁ་ཟེར་བ་དེ་གོང་མས་མདའ་འཕངས་རྗེས་ཡིན་ཟེར་སྲོལ་སོགས་འདུགདེ་བཞིན་ཤར་དུང་རི་དང་མཛེས་ལྗོངས་གསེར་མཚོ་ལ། རྩེ་སྐོར་དང་། བར་སྐོར། ཕྱི་སྐོར་བཅས་ཡོད་ལ། སྐོར་ལམ་དེ་དག་ཏུ་སྔོན་བྱོན་རིག་འཛིན་རྣམས་ཀྱི་སྒྲུབ་གནས་དང་བཀའ་རྟགས་སོགས་མང་པོ་ཡོད།ཤར་དུང་རིའི་འཁོར་ལ། བཀའ་བློན་བདུད་གཞོམ་དང་། བཀའ་བློན་སྟག་པོ། བཀའ་བློན་རྒོད་པོ་སྤུན་གསུམ།བཀའ་བློན་ཨ་གླིང་བྲག་དཀར་སོགས་ཡོད་དོ། །

རྩོམ་སྒྲིག་པ།:卓玛央初
གཙོ་སྒྲུབ། ཀྲུང་གུང་སེམས་ཀྱི་ཉི་ཟླ་རྫོང་ཨུ། སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྲིད་གཞུང་།
འགན་སྒྲུབ། སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཆ་འཕྲིན་ལག་རྩལ་དོ་དམ་ལྟེ་གནས། སེམས་ཀྱི་ཉི་ཟླ་གློག་རྡུལ་སྲིད་དོན་དོ་དམ་ལྟེ་གནས། 0887-8222726
གྲ་སྒྲིག་ཡིག་ཆའི་ཨང་རྟགས། ཡུན་ནནICP ཨང་རྟགས། 13000589
ལག་རྩལ་རྒྱབ་སྐྱོར། ཡུན་ནན་དྲ་བ།