旅游资讯 专题 人文地理 图说香格里拉 摄影俱乐部 景点景区 民风民俗 特色美食 旅游贴士
དབུ་ཤོག > ཁྱད་ལྡན་བཟའ་བཏུང་། > ནང་དོན་དངོས་གཞི།
ཞིམ་མངར་ཟས་མཆོག་བེ་ཤ
དུས་ཚོད།:2014-09-01 17:08:09   རྩོམ་ཁུངས།:སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

དེ་ཡང་ཕྱི་ཡུལ་གྱི་དཀོད་པ་དང་ནང་བཅུད་ཀྱི་སེམས་ཅན་གྱིས་སྲིད་པའི་ཁམས་འདིས་གང་ཟག་ཐམས་ཅད་ཀྱི་ཡིད་ཀྱི་དུངས་པ་འདྲེན་སའི་ས་གཞི་དྲོན་མོ་སྟེ་གོ་ལ་ཟླུམ་པའི་ཤར་ཕྱོགས་སུ་ཆགས་པའི་གནས་ཁམས་ཆེན་བདེ་ཆེན་ནི་སྙན་ངག་མཁན་གྱི་སྨྱུག་རྩེ་ལས་ཐོན་པའི་དག་པའི་ཞིང་ཁམས་དང་རི་མོའི་བའི་པར་རིས་ལས་ཐོན་པའི་མཛེས་སྡུག་གི་ཞིང་མཆོག་ཡིན། གནས་འདིར་རང་བྱུང་ཐོན་ཁུངས་ཧ་ཅང་ཕྱུག་ལ། ས་འཛིན་བདག་མོའི་གམ་དུ་རིན་ཆེན་མཛོད་ཀྱིས་བཀང་ཡོད། དེང་གི་དུས་ཚིགས་འདིར་ཞིང་མཆོག་འདི་ནས་ཞིམ་མངར་གྱི་ཟས་མཆོག་ཅིག་སྟེ། བེ་ཤ་ཤ་མོ་མཐུ་བའི་དུས་ཡིན་པས། ཤ་མོའི་དྲི་གསུང་ཕྱོགས་བཞིའི་ཡུལ་གྲུ་ཀུན་དུ་ཁྱབ་པས། བེ་ཤ་ཤ་མོ་ནི་རྒྱལ་སྤྱིའི་ཐོག་བདེ་ཆེན་མཚོན་བྱེད་ཀྱི་མིང་བྱང་ལྟ་བུར་གྱུར་ཡོད།
རང་རྒྱལ་གྱི་བེ་ཤ་ཤ་མོ་གཙོ་བོ་ནི་བདེ་ཆེན་དང་སི་ཁྲོན་ཉག་ཆུ་ཁ་སོགས་སུ་སྐྱེས་ཡོད་ལ། འདིའི་ཁྲོད་དུ་བདེ་ཆེན་གྱི་བེ་ཤ་སྐྱེས་ཚད་ནི་རྒྱལ་ཡོངས་སྤྱིའི་ཐོན་ཚད་ཀྱི70%ཟིན་ཡོད། བདེ་ཆེན་གྱི་བེ་ཤ་ལ་རང་ས་གནས་དང་རྒྱལ་ནང་གྱི་རིགས་སོ་སོའི་ཡུལ་མི་རྣམས་ཀྱི་དགའ་བསུ་ཐོབ་པ་མ་ཟད། ད་དུང་འཇར་པན་དང་ཁ་ན་ཏ་སོགས་ཕྱིའི་རྒྱལ་ཁབ་ཀྱི་དགའ་བསུའང་ཚད་མེད་ཐོབ་ཡོད་པ་རེད། ལོ་རེར་ཟླ་བ་བདུན་པ་ནས་བཅུ་བའི་བར་དུ་བེ་ཤ་ཤ་མོ་འཐུ་བའི་དུས་བཟང་པོ་ཡིན་པས། བདེ་ཆེན་ཁུལ་གྱི་རྒན་དར་གཞོན་གསུམ་གྱིས་རང་ས་གནས་ཀྱི་ནགས་ཀླུང་དུ་སོང་ནས་བེ་ཤ་ཤ་མོ་འཐུ་བ་རེད། སྐབས་འདི་ནི་དབྱར་གནང་གི་སྐབས་ཡིན་པས་སློབ་མ་རྣམས་གུང་གསེང་འདི་བེད་སྤྱད་ནས་བེ་ཤ་འཐུ་སྟེ་སློབ་ཡོན་བཙལ་ནས་ཕ་མའི་འགན་ཁུར་ཇེ་ཡང་དུ་གཏོང་བ་དང་། ཞིང་པ་རྣམས་ལ་མཚོན་ན་བེ་ཤ་ནི་དཔལ་འབྱོར་གྱི་ཡོང་ཁུངས་འགའ་ཞིག་ཡིན་པས། དུས་ཚོད་སྐར་མ་ཅིག་ཀྱང་འཕྲོ་ལྷག་དུ་མི་གཏོང་བར་བེ་ཤ་འཐུ་རུ་འགྲོ་བ་རེད། ཡང་མི་ལ་ལས་བཟའ་མི་གང་བོ་ལ་ཁ་ཟས་ཞིམ་པོ་ཞིག་སྐོལ་བའི་ཆེད་དུ་བེ་ཤ་འཐུ་རུ་འགྲོ། ལ་ལས་རས་གུར་དང་རུམ་གྲོ་འཁྱེར་ནས་ནགས་ཀླུང་ནས་བསྟུད་མར་ཉིན་ཁ་ཤས་སུ་བེ་ཤ་འཐུ་བ་དང་། ལ་ལས་སྔ་དྲོ་སོང་ནས་ཕྱི་དྲོར་ཕྱིར་ལོག་མཁན་ཡང་ཡོད། གང་ལྟར་ཀྱང་བེ་ཤ་ནི་གནམ་སྔོན་པོའི་གང་ཟག་ལ་གནང་བའི་མི་ཡུལ་གྱི་ཁ་ཟས་ཞིམ་པོ་ཞིག་རེད། ད་ལྟ་ནི་བེ་ཤ་འཐུ་བའི་དུས་ཚིགས་ཡིན་པས། བདེ་ཆེན་ཁུལ་གྱི་བེ་ཤའི་ཚོང་ར་དང་ཆུ་ཚུར་ཁ་ཁྲོམ་ར་སོགས་སུ་ས་འདིའི་མང་ཚོགས་ཀྱིས་ཚ་ཚ་འུར་འུར་གྱིས་བེ་ཤ་བཙོང་བཞིན་ཡོད་ལ། རང་ས་གནས་ཀྱི་ཡུལ་མི་རྣམས་བེ་ཤ་ཉོས་ནས་བཟའ་མི་ཡོངས་ལ་ཁ་ཟས་ཞིམ་པོ་བསྐོལ་བ་དང་ཡང་ན་བེ་ཤ་སྐམ་སེད་བྱས་ནས་ལོ་ཧྲིལ་བོ་བེ་ཤ་ཟ་ཐུབ་པར་གྲ་སྒྲིག་བྱེད། ཡུལ་སྐོར་བ་རྣམས་ཀྱི་མིག་ཟུང་ཡང་བེ་ཤ་ཐོག་ཏུ་འདྲེན་ནས། ཡུལ་སྐོར་བ་ལ་ལས་བདེ་ཆེན་ལ་ཐོན་ན་ངེས་པར་དུ་བེ་ཤ་ཟ་དགོས་ཞེས་བེ་ཤ་རྔོས་མ་ཟ་བའམ་ཡང་ན་ཡུལ་མི་སྤུན་གྲོགས་རྣམས་ལ་མཚམས་འདྲི་ལེགས་སྐྱེས་སུ་བེ་ཤ་སྐམ་པོ་ཉོ་མཁན་ཡང་ཤིན་ཏུ་མང་པས། དེང་དུས་ཀྱི་སྲོལ་ཞིག་ཏུ་གྱུར་ཡོད།
བེ་ཤ་ཤ་མོ་ནི་འཛམ་གླིང་སྟེང་ཆེས་དཀོན་པའི་རང་བྱུང་སྨན་རིགས་ཅན་གྱི་ཤ་མོ་ཞིག་ཡིན་ལ། ཧ་ཅང་བདེ་འཇགས་ཡིན་པའི་ཟས་རིགས་ཤིག་ཀྱང་ཡིན། ཤ་མོ་འདི་སྐྱེས་པའི་སྐབས་སུ་རང་བྱུང་གི་ཆ་རྐྱེན་ལེགས་པོ་དགོས་སྟེ། བཙོག་བཟོ་མིན་པའི་ཁོར་ཡུག་དང་མིས་གནོད་སྐྱོན་ཐེབས་མེད་པའི་རང་བྱུང་ཁོར་ཡུག་ཁྲོད་སྐྱེས་པ་ཡིན་ལ། ལོ་རེར་ཐོན་ཚད་ཉུང་ཤིང་མིས་ཐབས་ཀྱིས་གསོ་མི་ཐུབ་པས། འཛམ་གླིང་ཡོངས་སུ་ཁས་ལེན་པའི་བདེ་འཇགས་ཅན་གྱི་ཟས་རིགས་ཅིག་ཡིན། ངག་རྒྱུན་དུ། 1945ལོའི་ཟླ 8 པར་འཇར་པན་ཀོང་ཏའོ་ལ་རྡུལ་ཕྲན་འབར་མདེལ་གྱིས་འཇབ་རྒོལ་བྱས་རྗེས་དེར་གསོན་ཐུབ་པའི་སྐྱེ་དངོས་ནི་བེ་ཤ་ཁོ་ན་ཡིན་པ་རེད་ཟེར། གཞན་འབྲེལ་ཡོད་དཔྱད་གཞི་ཡིག་ཆ་རུ་བེ་ཤ་ཤ་མོ་ལ་ཨན་གཞི་སྐྱུར་རིགས18དང་དང་མིའི་ལུས་ཕུང་ལ་ངེས་པར་དུ་མཁོ་བའི་ཚད་ཉུང་མ་རྒྱུ་རིགས14 འཚོ་བཅུད་རྫས་རིགས་སྣ་མང་དང་སྤྲི་དཀར་རྫས་མང་པོ་ཡོད་ཅེས་བཀོད་ཡོད་ལ། བེ་ཤ་ཤ་མོ་ནི་འཛམ་གླིང་ཐོག་འབྲས་སྐྲན་ནད་སྔོན་འགོག་བྱེད་ཐུབ་པའི་ཟས་རིགས་ཤིག་ཡིན་ལ། རིམས་འགོག་ནུས་ཤུགས་མཐོར་འདེགས་གཏོང་བ་དང་། གཅིན་པ་མངར་འགྱུར་གྱི་ནད་དང་། སྙིང་ཁམས་ཁྲག་རྩའི་ནད། ཕོ་བའི་ནད། མཆིན་ནད་སོགས་ལ་སྨན་བཅོས་ཀྱི་ཕན་ནུས་ལྡན་པ་མ་ཟད། ལུས་ཕུང་གསོ་བའི་ཕན་ནུས་ཡང་ལྡན་པས། འཛམ་གླིང་ཡུལ་དུ་ཀུན་ཏུ་སྨན་རྫས་རིགས་དང་ལུས་ཁམས་གསོ་ཚིས། མཛེས་འཆོས་བྱུག་རྫས་སོགས་སུ་སྤྱོད་བཞིན་ཡོད།

རྩོམ་སྒྲིག་པ།:卓玛央初
གཙོ་སྒྲུབ། ཀྲུང་གུང་སེམས་ཀྱི་ཉི་ཟླ་རྫོང་ཨུ། སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྲིད་གཞུང་།
འགན་སྒྲུབ། སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཆ་འཕྲིན་ལག་རྩལ་དོ་དམ་ལྟེ་གནས། སེམས་ཀྱི་ཉི་ཟླ་གློག་རྡུལ་སྲིད་དོན་དོ་དམ་ལྟེ་གནས། 0887-8222726
གྲ་སྒྲིག་ཡིག་ཆའི་ཨང་རྟགས། ཡུན་ནནICP ཨང་རྟགས། 13000589
ལག་རྩལ་རྒྱབ་སྐྱོར། ཡུན་ནན་དྲ་བ།