旅游资讯 专题 人文地理 图说香格里拉 摄影俱乐部 景点景区 民风民俗 特色美食 旅游贴士
དབུ་ཤོག > ཡུལ་སྲོལ་གོམས་གཤིས། > ནང་དོན་དངོས་གཞི།
བདེ་ཆེན་གྱི་ཕུན་སུམ་ཚོགས་པའི་མི་རིགས་རིག་གནས།
དུས་ཚོད།:2014-01-20 09:45:41   རྩོམ་ཁུངས།:

བདེ་ཆེན་གྱི་མི་རིགས་རིག་གནས་དེ་མངའ་ཁོངས་ནང་འཚོ་བ་སྐྱེལ་པའི་མི་རིགས་སོ་སོའི་མང་ཚོགས་ཀྱིས་མཉམ་དུ་གསར་སྐྲུན་བྱས་ནས་ཆགས་ཡོད་པ་རེད།ངོ་མཚར་ཆེ་བའི་རིག་གནས་ནི་བདེ་ཆེན་གྱི་མི་རིགས་རིག་གནས་ཐོན་ཁུངས་ཀྱི་གཅིག་བསྡུས་མཚོན་བྱེད་ཡིན་ཞེས་ཀྱང་བརྗོད་ཆོག

བོད་ཀྱི་རིག་གནས།

བདེ་ཆེན་གྱི་བོད་རིགས་ནི་འཇོལ་རྫོང་གི་ས་ཆ་མང་ཆེ་བ་དང་སེམས་ཀྱི་ཉི་ཟླའི་མཐོ་གྲང་ཐང་ཁུལ།མཐོ་གྲང་རི་ཁུལ།སྐམ་ཚ་རོང་ཁུལ།དེ་ལས་གཞན་འབའ་ལུང་རྫོང་གི་འབའ་སྡེ་ཤང་དང་མཐའ་ཆུ་གྲོང་རྡལ་བཅས་ས་ཁུལ་དུ་གཙོ་བོར་ཁྱབ་ཡོད་ལ།བདེ་ཆེན་གྱི་བོད་སྐད་ནི་ཁམས་སྐད་ཀྱི་ཁོངས་སུ་གཏོགས་པ་དང་།རྒྱལ་ཡོངས་སུ་ཐུན་མོང་དུ་སྤྱོད་པ་ནི་བོད་ཀྱི་སྒྲ་སྦྱོར་ཡི་གེ་དེ་ཡིན།བདེ་ཆེན་གྱི་བོད་རིགས་མང་ཚོགས་ཀྱིས་བོད་བརྒྱུད་ནང་བསྟན་ཆོས་ལུགས་ལ་གཙོ་བོར དད་མོས་བྱེད་ཅིང་།རང་ཁུལ་གྱི་དགོན་སྡེ་སོ་སོ་ནི་ཆོས་དད་མང་ཚོགས་ཀྱི་གལ་ཆེ་བའི་ཆོས་ལུགས་བྱེད་སྒོ་སྤེལ་ས་ཡིན་ཏེ།དེ་མིན་གནས་རི་དང་བླ་མཚོ་སོགས་ལ་གནས་མཇལ་དུ་འགྲོ་བ་དང་།ཁྱད་པར་དུ་བོད་མིས་གནས་རི་ལ་རང་བྱུང་དད་གུས་བྱེད་པ་དེས་བདེ་ཆེན་ཁུལ་དུ་ཁྱད་ཆོས་འབུར་དུ་ཐོན་པའི་སྐོར་བ་རྒྱག་པའི་རིག་གནས་ཤིག་ཆགས་ཡོད།དེ་ལས་གཞན་བོན་ཆོས་ཀྱིས་བདེ་ཆེན་གྱི་བོད་རིགས་ལ་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་ཡོད།དེ་ཡང་འཇོལ་རྫོང་གི་ཡན་མོན་ཤང་དུ་བོད་མིས་གནམ་བདག་ཆོས་ལུགས་ལ་དད་མོས་བྱེད་པའང་ཡོད།ཞིང་འབྲོག་མཉམ་ལས་ནི་བདེ་ཆེན་བོད་རིགས་ཀྱི་ཐོན་སྐྱེད་རྣམ་པ་གཙོ་བོ་ཞིག་ཡིན་ལ།མཐོ་སྒང་དུ་གཙོ་བོར་གཡང་དཀར་ལུག་དང་ར་མ།གཡག མཛོ་སོགས་ཕྱུགས་གསོ་བ་དང་། གྲོ་དང་ནས།བྲ་བོ།ཞོག་ཁོག  ཉུང་མ་སོགས་འདེབས་འཛུགས་བྱེད་པ་རེད། བཟའ་བཏུང་གཙོ་བོ་ནི་རྩམ་པ་དང་ནས་ཆང་། ཤ། འོ་ཟས་སོགས་ཡོད་པ་དང་།བདེ་ཆེན་གྱི་བོད་རིགས་མི་དམངས་ནི་ལས་ལ་བརྩོན་ཞིང་དཔའ་ངར་ཆེ་སྟེ།སྤྲོ་སེམས་འཁོལ་ཞིང་གླུ་གར་ལ་མཁས་པས།ལོ་རྒྱུས་སྟོང་ཕྲག་མང་པོའི་ཁྲོད་དུ་ངོ་མཚར་ཆེ་བའི་བོད་ཀྱི་རིག་གནས་གསར་གཏོད་བྱས་ཡོད་པ་རེད།

ལི་སུའུ་རིགས་ཀྱི་རིག་གནས།

བདེ་ཆེན་གྱི་ལི་སུའུ་རིགས་ནི་འབའ་ལུང་རྫོང་དང་འཇོལ་རྫོང་གི་བྲག་ཞབས་ཤང་། ཐང་སྟེང་ཤང་།སེམས་ཀྱི་ཉི་ཟླ་རྫོང་གི་ཅིན་ཅང་གྲོང་རྡལ།སྟག་མཆོང་གྲོང་རོང་གྲོང་རྡལ།ཧྲང་ཅང་ཤང་།སན་པ་ཤང་།ལོའུ་ཅི་ཤང་བཅས་ས་ཁུལ་དུ་གཙོ་བོར་ཁྱབ་ཡོད་ལ།ལི་སུའུ་སྐད་ནི་རྒྱ་བོད་སྐད་ཁོངས་ལས་བོད་འབའ་སྐད་རིགས་དབྱིས་སྐད་རིགས་ཀྱི་ཡན་ལག་ཏུ་གཏོགས་པ་དང་།ཀྲུང་གོ་དབུ་བརྙེས་པའི་སྔོན་ལ་ལ་ཏིང་དབྱངས་གསལ་ཡི་གེའི་གཟུགས་འགྱུར་གྱི་སྐད་གདངས་ཡི་གེ་སྤྱོད་པ་རེད།འབའ་ལུང་རྫོང་གི་ལི་སུའུའི་ཞིང་པ་ཝང་རེན་པོས་ལོ་བཅུ་རིང་གི་འབད་བརྩོན་བྱས་པ་བརྒྱུད་ལི་སུའུ་རིགས་ཀྱི་ཚེག་བར་ཅན་གྱི་ཡི་གེ་གསར་གཏོད་བྱས་ཏེ། ལི་སུའུ་རིགས་ཀྱི་ལོ་རྒྱུས་ཞིབ་འཇུག་བྱེད་པར་ནང་དོན་གལ་ཆེན་ལྡན།ཁོ་ཚོས་གདོད་མའི་ཆོས་ལུགས་ཏེ་རང་བྱུང་ལྷ་མཆོག་ལ་དད་མོས་བྱེད་པ་དང་ཕ་མེས་ལ་དད་གུས་བྱེད། དེ་ཡང་ལོ་ཧྲིལ་པོར་གནམ་ལྷ་དང་།གཞི་བདག  ཐབ་ལྷ་སོགས་ལ་མཆོད་འབུལ་བྱེད་པ་དང་།དེ་མིན་ལི་སུའུ་མང་ཚོགས་ཀྱིས་གནམ་བདག་ཆོས་ལུགས་དང་ཡེ་ཤུའི་ཆོས་ལུགས།བོད་བརྒྱུད་ནང་བསྟན་ཆོས་ལུགས་བཅས་ལ་དད་མོས་བྱེད་བཞིན་ཡོད།ཁོ་ཚོས་ཞིང་ལས་གཙོ་བོར་བྱས་ཏེ།ཕྱུགས་ལས་ཕལ་བ་བྱེད་པ་ཡིན།ལི་སུའུ་མང་ཚོགས་ཀྱིས་འཚོ་བར་དགའ་ཞེན་ཆེན་པོ་བཅང་བ་དང་།གླུ་གར་ལ་མཁས་ཤིང་།སེམས་བཟང་གཞུང་དྲང་ཡིན་པས།འོད་སྟོང་འབར་བའི་རིག་གནས་ཆགས་ཡོད་པ་རེད།

འཇང་རིགས་ཀྱི་རིག་གནས།

བདེ་ཆེན་ཁུལ་གྱི་འཇང་རིགས་ནི་སེམས་ཀྱི་ཉི་ཟླ་རྫོང་གི་སན་པ་ཤང་དང་ཅིང་ཅང་གྲོང་རྡལ།སྟག་མཆོང་གྲོང་རོང་གྲོང་རྡལ།ཧྲང་ཅང་ཤང་།ལོའུ་ཅི་ཤང་།དེ་མིན་འབའ་ལུང་རྫོང་གི་གྲོང་རྡལ་སོ་སོ་དང་འཇོལ་རྫོང་གི་གྲོང་རྡལ་འགའ་ཤས་སུ་གཙོ་བོར་ཁྱབ་ཡོད་ལ།འཇང་སྐད་ནི་རྒྱ་བོད་སྐད་ཁོངས་ལས་བོད་འབའ་སྐད་རིགས་དབྱིས་སྐད་རིགས་ཀྱི་ཡན་ལག་ཏུ་གཏོགས་ཤིང་།མི་རིགས་གཞན་པའི་ཤུགས་རྐྱེན་ཐེབས་པའི་དབང་གིས་ས་ཁུལ་སོ་སོ་རིགས་་ཁྱད་ཆོས་ཅུང་མི་འདྲ། འཇང་རིགས་ཀྱི་མེས་པོས་ལོ་ངོ་ཆིག་སྟོང་སྔོན་ལ་འདྲ་གཟུགས་ཡི་གེ་གསར་གཏོད་བྱས་ཤིང་།འདྲ་གཟུགས་ཡི་གེ་བྲིས་པའི་གསུང་རབ་དེ་ལ་སྟོན་པའི་ཆོས་དཔེ་ཞེས་ཟེར་བ་ཡིན་ཏེ།སྟོན་པའི་ཆོས་ལུགས་ནི་འཇང་རིགས་ཁོ་ནར་ཡོད་པའི་ཆོས་ལུགས་ཞིག་ཡིན་ཞིང་།སེམས་ཀྱི་ཉི་ཟླ་རྫོང་སན་པ་ཤང་ཆུ་དཀར་ཆུ་ནག་ནས་དར་བ་རེད།འབའ་སྡེ་གྲོང་སྡེའི་འཇང་རིགས་ནི་ད་ལྟའི་བར་དུ་སྟོན་པའི་ཆོས་ལུགས་ཀྱི་གདོད་མའི་མཆོད་འབུལ་བྱེད་སྒོ་ད་དུང་སོར་ཉག་བྱས་ཡོད་པའི་གྲོང་སྡེ་ཞིག་ཡིན།བདེ་ཆེན་གྱི་འཇང་རིགས་ཀྱིས་ཞིང་ལས་གཙོ་བོ་བྱེད་པ་དང་།ཕྱུགས་ལས་ཕལ་བ་བྱེད་པ་ཡིན། འབྲས་དང་མ་རྨོས་ལོ་ཏོག  གྲོ་བཅས་གཙོ་བོར་འདེབས་འཛུགས་བྱས་ཤིང་། གཡང་དཀར་ལུག་དང་ར་མ། མ་ཧེ་སོགས་ཕྱུགས་གསོ་བ་རེད།བདེ་ཆེན་འཇང་རིགས་ཀྱི་རིག་གནས་ལོ་རྒྱུས་རྒྱུན་རིང་ཞིང་ནང་དོན་ཕུན་སུམ་ཚོགས་ཏེ།སྟོན་པའི་ཆོས་དཔེ་དང་ལོ་རྒྱུས་མཚོན་པའི་སྙན་ངག་ལ་སོགས་པའི་རྩོམ་རིག་མང་པོ་ཡོད་པ་དང་། རིག་གནས་ཀྱི་ཁྱད་ཆོས་ཐུན་མོང་མ་ཡིན་པ་ཆགས་ཡོད།

ཧུའེ་རིགས་ཀྱི་རིག་གནས། 

བདེ་ཆེན་གྱི་ཧུའེ་རིགས་ནི་སེམས་ཀྱི་ཉི་ཟླ་རྫོང་གི་སན་པ་ཤང་དང་རྒྱལ་ཐང་གྲོང་རྡལ།འཇོལ་རྫོང་གི་ཧྲེང་ཕིང་གྲོང་རྡལ།དེ་མིན་འབའ་ལུང་རྫོང་གི་པའོ་ཧོ་གྲོང་རྡལ།པའེ་ཅི་ཞུན་ཤང་བཅས་ས་ཁུལ་དུ་ཁྱབ་ཡོད་ལ།བདེ་ཆེན་གྱི་ཧུའེ་རིགས་ཀྱིས་དེ་དང་མཉམ་དུ་གནས་པའི་བོད་རིགས་དང་དབྱིས་རིགས།འཇང་རིགས་སོགས་གྲངས་ཉུང་མི་རིགས་ཀྱི་སྐད་ཆ་མཉམ་དུ་སྤྱོད་པ་དང་རྒྱ་སྐད་བཤད་པའང་ཡོད།ད་དུང་དབྱི་སི་ལན་གྱི་སྐད་ཡིག་སྤྱོད་པ་དང་དབྱི་སི་ལན་ཆོས་ལུགས་ལ་དད་མོས་བྱེད་ཅིང་།བཟའ་བཏུང་དང་གོས་རྒྱན་སོགས་ཡུལ་སྲོལ་གོམས་གཤིས་ལ་བོད་རིགས་ཀྱི་ཤུགས་རྐྱེན་ཐེབས་པས་གཤིན་པོ་དུར་འཇུག་གི་སྐབས་སུ་སྲོལ་རྒྱུན་གྱི་བཟའ་བཏུང་གོམས་གཤིས་དང་མགོ་ལ་ཞྭ་མོ་དཀར་པོ་གྱོན་པ་ལས་གཞན་ཕལ་ཆེར་བོད་རིགས་དང་འདྲ་བ་རེད།

དབྱིས་རིགས་ཀྱི་རིག་གནས།

བདེ་ཆེན་གྱི་དབྱིས་རིགས་ནི་སེམས་ཀྱི་ཉི་ཟླ་རྫོང་གི་སྟག་མཆོང་གྲོང་རོང་གྲོང་རྡལ་དང་སན་པ་ཤང་།ལོའུ་ཅི་ཤང་།ཅིང་ཅང་གྲོང་རྡལ། ཧྲང་ཅང་ཤང་།དེ་མིན་འབའ་ལུང་རྫོང་གི་ཡུང་ཁྲུན་ཤང་།མཐའ་ཆུ་གྲོང་རྡལ་བཅས་ས་ཁུལ་དུ་ཁྱབ་ཡོད།བདེ་ཆེན་གྱི་དབྱིས་རིགས་ཀྱིས་དབྱིས་སྐད་ལ་ལིའང་ཧྲན་ཡུལ་སྐད་བཤད་པ་དང་དབྱིས་ཡིག་སྤྱོད་པ་རེད།དབྱིས་རིགས་མང་ཚོགས་ཀྱིས་གདོད་མའི་པི་མོ་ཆོས་ལུགས་ལ་དད་མོས་བྱེད་ཅིང་།ཁོང་ཚོ་མཐོ་གྲང་རི་ཁུལ་དུ་སྡོད་དེ་ཞིང་འབྲོག་མཉམ་ལས་བྱེད་པ་དང་། བདེ་ཆེན་གྱི་དབྱིས་རིགས་ལ་ངོ་མཚར་ཆེ་བའི་ལོ་རྒྱུས་རིག་གནས་ལྡན་ཞིང་། ཡི་གེ་དང་ལོ་རྒྱུས་སྙན་རྩོམ་ཡང་ཕུན་སུམ་ཚོགས་པོ་ཡོད་པ་མ་ཟད།ཕོ་མོའི་གོས་རྒྱན་ལ་རིགས་སྣ་ཚོགས་ཡོད་པས་མི་རིགས་ཀྱི་རིག་གནས་ཁྱད་ཆོས་འབུར་དུ་ཐོན་ཡོད་པ་རེད།

མི་རིགས་གཞན་གྱི་རིག་གནས། 

བདེ་ཆེན་གྱི་མིའོ་རིགས་ནི་སེམས་ཀྱི་ཉི་ཟླ་རྫོང་གི་ཅིང་ཅང་གྲོང་རྡལ་སོགས་ས་ཁུལ་དུ་ཁྱབ་ཡོད།མིའོ་རིགས་ཀྱིས་མིའོ་སྐད་བཤད་པ་དང་།ཕལ་ཆེར་རྒྱ་སྐད་བཤད་པའང་ཡོད།ཁོ་ཚོས་ཕ་མེས་ལ་དད་གུས་བྱེད་ཅིང་།ཐོན་སྐྱེད་རྣམ་པ་དེ་ཞིང་ལས་གཙོ་བོ་བྱས་ཡོད།མིའོ་རིགས་མང་ཚོགས་ཀྱིས་ཕུན་སུམ་ཚོགས་པའི་རང་མི་རིགས་ཀྱི་རིག་གནས་གསར་གཏོད་དང་རྒྱུན་འཛིན་བྱེད་བཞིན་ཡོད།

བདེ་ཆེན་གྱི་ཕུའུ་སྨི་རིགས་ནི་འབའ་ལུང་རྫོང་གི་གྲོང་རྡལ་སོ་སོ་དང་སེམས་ཀྱི་ཉི་ཟླ་རྫོང་གི་གྲོང་རྡལ་འགའ་ཞིག་ཏུ་ཁྱབ་ཡོད།ཕུའུ་སྨི་རིགས་ནི་འཇང་རིགས་དང་ལི་སུའུ་རིགས།བོད་རིགས་དང་དུས་ཡུན་རིང་པོར་མཉམ་དུ་གནས་པས།སྐད་ཆ་དང་ཡུལ་སྲོལ་གོམས་གཤིས་ལ་མི་རིགས་དེ་དག་གི་ཤུགས་རྐྱེན་ཐེབས་ཡོད་པས།འཇང་སྐད་དང་ལི་སུའུ་སྐད།བོད་སྐད་བཅས་བཤད་ཐུབ་པ་རེད།

བདེ་ཆེན་གྱི་པའེ་རིགས་ནི་སེམས་ཀྱི་ཉི་ཟླ་རྫོང་གི་རྒྱལ་ཐང་གྲོང་རྡལ་དང་འབྲི་ཆུའི་ཆུ་འགྲམ་གྱི་རོང་ཁུལ་དུ་གཙོ་བོར་ཁྱབ་ཡོད་ལ།ཁོ་ཚོས་གཙོ་བོ་ཞིང་ལས་དང་ལག་ཤེས་བཟོ་ལས།ཚོང་ལས་ཀྱི་སྐོར་གཉེར་བ་དང་། ལག་ཤེས་བཟོ་ལས་ལ་ཧ་ཅང་མཁས་ཤིང་འཇོན་པ་རེད།(དབྱངས་ཅན་ལྷ་མོས་བསྒྱུར། )

རྩོམ་སྒྲིག་པ།:央金拉姆
གཙོ་སྒྲུབ། ཀྲུང་གུང་སེམས་ཀྱི་ཉི་ཟླ་རྫོང་ཨུ། སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྲིད་གཞུང་།
འགན་སྒྲུབ། སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཆ་འཕྲིན་ལག་རྩལ་དོ་དམ་ལྟེ་གནས། སེམས་ཀྱི་ཉི་ཟླ་གློག་རྡུལ་སྲིད་དོན་དོ་དམ་ལྟེ་གནས། 0887-8222726
གྲ་སྒྲིག་ཡིག་ཆའི་ཨང་རྟགས། ཡུན་ནནICP ཨང་རྟགས། 13000589
ལག་རྩལ་རྒྱབ་སྐྱོར། ཡུན་ནན་དྲ་བ།